ངའི་སེམས་ནས་ནམ་ཡང་མི་བརྗེད་པ་ནི། ལོ་རིམ་དང་པོའི་སྐབས་ཀྱི་བོད་ཡིག་དགེ་རྒན་ཡིན། སྐབས་དེར་ཁོང་ནི་དགུང་ལོ་སོ་བདུན་སོ་བརྒྱད་ཙམ་ཞིག་ཡིན། ཁོང་གི་སྐུ་གཟུགས་ནི་འབྲིང་ཙམ་དང་ཞལ་སྨུག་པོ་ཞིག་ཡོད། སྤྱིར་ཁོང་མི་འཛུམ་ཅན་ཞིག་མིན་ཡང་སློབ་མ་ཆུང་ཆུང་རྣམས་དང་མཉམ་དུ་ཡོད་དུས་ནམ་ཡིན་ཡང་དགའ་སྤྲོས་ཁེངས་ཡོད། ཁོང་གི་འོད་ཟེར་ལམ་ལམ་འཕྲོ་བའི་སྤྱན་ནས་གཞན་དང་མི་མཚུངས་པའི་བྱམས་བརྩེའི་བརྕེ་བ་མངོན་གྱི་འདུག ཁོང་གིས་ང་ཚོ་ལ་སྐད་ཡིག་དང་རྩིས་རིག་ཁྲིད་དགོས་པ་མ་ཟད། ད་དུང་རྒྱུན་ཤེས་དང་གླུ་དབྱངས་ཀྱང་ཁྲིད་དགོས་པ་རེད། ཁོང་གིས་སློབ་ཁྲིད་བྱེད་པའི་ཞོར་དུ་འབད་བརྩོན་གྱིས་རིག་གནས་སློབ་སྦྱོང་བྱས་པས། བསླབ་བྱ་ཁག་ཚང་མ་བདེ་བླག་ཏུ་ཁྲིད་ཐུབ་པར་གྱུར།
ཁོང་གིས་བསྐྱངས་པའི་སློབ་མའི་ཡོན་ཚད་བཟང་ནའང་། སྐབས་དེའི་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་ཞན་པས་སློབ་མ་སློབ་གྲྭར་སོང་བ་ཧ་ཅང་ཉུང་། ཁྱིམ་བདག་ཁ་ཤས་ཀྱིས་བྱིས་པ་སློབ་གྲྭར་འགྲོ་རུ་མ་བཅུག་པས། ཁོང་དངོས་སུ་ཁྱིམ་ཚང་དེ་ཚོར་སོང་ནས་ཕ་མས་བྱིས་པར་ཤ་ཚ་ན་སློབ་གྲྭར་སྐྱེལ་དགོས་པ་དང་། སློབ་གྲྭར་མ་བསྐྱལ་ན་བྱིས་པའི་མདུན་ལམ་ལ་གནོད་པ་ཆེ་བ་མ་ཟད། མི་རིགས་ཀྱི་ལས་དོན་ལ་ཡང་གནོད་པ་ཆེ་ཚུལ་བཤད་ནས་ཁ་ཏ་བྱས་པས་ཚང་མས་བྱིས་པ་སློབ་གྲྭར་བསྐྱལ་བ་རེད། ཁོང་གིས་སློབ་མའི་འཚོ་བར་སེམས་ཁུར་བྱེད་པ་དང་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་གནང་གི་ཡོད།
ལོ་ཞིག་གི་དགུན་ཁར་སློབ་མ་ཞིག་ལ་དགུན་ཆས་གོན་རྒྱུ་མེད་པས་སློབ་གྲར་མ་ཡོང་། ཁོང་གིས་གནས་ཚུལ་དེ་ཤེས་རྗེས་སློབ་མ་དེར་དགུན་ཆས་གསར་པ་ཞིག་ཉོས་ནས་བྱིན་པ་རེད། ཁོང་ནི་ངས་དུས་ནམ་ཡང་བརྗེད་མི་སྲིད་པའི་དགེ་རྒན་བཟང་པོ་ཞིག་ཡིན། །