འཇིག་རྟེན་འདིའི་ཐོག་ང་ལ་བྱམས་ཤོས་དང་བརྩེ་ཤོས་གནང་མཁན་ནི་བདག་གི་དྲིན་ཆེན་ཨ་མ་ཡིན། ཨ་མའི་བྱམས་བརྩེའི་ལྗགས་ཀྱིས་ངའི་ལུས་སྟེང་གི་དྲེགས་པ་མ་ལུས་གཙང་སེལ་གནང་བ་དང་། ཞིམ་མངར་གྱི་ནུ་ཞོར་རོལ་དུ་བཅུག་ནས་ང་རང་བཀྲེས་སྐོམ་གྱི་སྡུག་བསྔལ་དྲུང་ནས་བསྐྱབས། ཁོང་ནི་འཛམ་གླིང་འདིའི་ཐོག་ཆེས་རླབས་ཆེ་བའི་མི་སྣ་ཞིག་ཡིན།
ངའི་ཨ་མ་ནི་འབྲོག་པའི་བུད་མེད་དཀྱུས་མ་ཞིག་ཡིན། ད་ལྟ་ལོ་ཞེ་གཉིས་ལས་སོན་མེད་ནའང་ཁོང་གི་གདོང་ལ་གཉེར་མ་མང་པོ་ཞིག་སླེབས་ཡོད། ཨ་མ་ལགས་ལ་ཙ་རིའི་སྨྱུག་མ་ལྟར་གྱི་སྐུ་གཟུགས་མེད་ལ། དཀར་གསལ་ཟླ་འོད་ལྟར་འཚེར་བའི་བཞིན་རས་ཀྱང་མེད། དགེ་བའི་བཤེས་གཉེན་དང་འདྲ་བའི་ཕུན་སུམ་ཚོགས་པའི་ཤེས་ཡོན་ནི་དེ་བས་ཀྱང་མེད། ཡིན་ནའང་ང་ཡི་མ་ཡུམ་ལ་གངས་རི་ལས་དཀར་བའི་སེམས་པ་ཞིག་ཡོད། ཁོང་གི་ངང་རྒྱུད་ནི་ཆུ་ཡི་རྒྱུན་དང་འདྲེས། ཨ་མ་ལགས་ཀྱི་འཇམ་ལ་རིང་བའི་དབུ་སྐྲའི་ཐོག་ཏུ་ད་ལྟ་སྐྲ་དཀར་གྱི་བ་མོ་རེ་ཟུང་ཐར་ཐོར་དུ་ཆགས།
ཨ་མ་ལགས་ཀྱིས་ཉིན་ལྟར་ཞོགས་སྔ་ལངས་དང་། དགོང་ཕྱི་ཉལ་གྱིས་དཀའ་ངལ་ཁྱད་དུ་བསད་ནས་ཁྱིམ་ཚང་གང་འདི་ཚ་སོབ་བེར་གཏོང་། ད་དུང་ཁོང་ཉིད་ནང་ལས་དང་འབྲོག་ལས་སོགས་བྱ་བ་ཆེ་ཆུང་ཀུན་ལ་ཤིན་ཏུ་མཁས།
འཚོ་བའི་ཉམས་མྱོང་ཟབ་པས་གནས་ཚུལ་གང་འདྲ་ཞིག་གི་མདུན་དུའང་ཁོང་ཡོད་ཚེ། དཀའ་ངལ་ཡོད་ཚད་ཁྱད་དུ་གསོད་ནུས། ཁོང་ནི་རི་བོ་ཐའེ་ཧྲན་ལས་ཀྱང་བརྗིད། ཉིན་གཅིག་ང་རང་གློ་ བུར་དུ་ཚ་བ་བརྒྱབ་པ་དང་ལུས་པོ་ཡོངས་ཀྱི་ཟུངས་ཤོར། ཁོང་གིས་ཁྱིམ་གྱི་ལས་ཀ་ཡོད་ཚད་བསྐྱུར་ཏེ་ང་རང་སྨན་ཁང་དུ་ཁྲིད་ཅིང་ལྟ་རྟོག་བགྱིས། ཏག་ཏག་སྐབས་འདིར་ཁོང་ཡང་ཆམ་ནད་ལྗིད་པོ་ཞིག་ཕོག་ཡོད་མོད། རང་གི་གཟུགས་པོའི་གནས་ཚུལ་ལ་ཇི་མི་སྙམ་པར་བུ་ཕྲུག་ལ་བསམ་པའི་དོན་རེ་རེས། ངས་ཁོང་གི་བྱམས་བརྩེ་ནི་བྲག་རི་མཐོན་པོ་ཞིག་གི་ཚུལ་དུ་མཐོང་།
ཨ་མ་ལགས། ཁྱེད་ཀྱིས་ངའི་ཆེད་དུ་འགྱུར་མེད་ཀྱི་ལྷ་ཤིང་ཤུག་པ་བཞིན་དཀའ་སྤྱད་འབད་འཐབ་གནང་བ་དེ་དག་གུས་མོས་དུས་ནམ་ཡང་བརྗེད་ག་ལ་སྲིད། ཨ་མ་ལགས། ཁྱེད་མེད་ན། ང་ལ་ད་ལྟའི་བདེ་སྐྱིད་འདི་འདྲ་ཡོང་ག་ལ་སྲིད། ཁྱེད་ཀྱིས་རང་གི་ཡོད་ཚད་བློས་བཏང་སྟེ་ང་ལ་བདེ་སྐྱིད་དང་བྱམས་སྐྱོང་གནང་བར་བཀའ་དྲིན་ཆེ་ཞེས་ཡང་དུ་ཞུའོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༣)
ཟུར་ཁྲིད་དགེ་རྒན། རྒྱ་ལོད།