སྲོལ་རྒྱུན་དུ་བསིལ་ལྗོངས་པ་རྣམས་ཀྱིས་ཁྱི་ནི་མིའི་རིགས་ཀྱི་གྲོགས་མཆོག་བཟང་ཤོས་དེ་ཡིན་ཟེར། རྒྱུ་མཚན་ནི་ཁྱི་ནི་དྲང་ཞིང་བདེན་ལ་བློ་རྩ་བརྟན་པས་ཁྱིའི་བདག་པོ་དང་ལོ་བཅུ་ལྷག་ཁ་བྲལ་ཡང་སླར་འཕྲད་མ་ཐག་ཏུ་བདག་པོ་ངོས་ཟིན་ཏེ་མཇུག་མ་གཡུག་གཡུག་དང་རྣ་བ་བསྙལ་བསྙལ་བྱེད་ཞོར་ཕར་ལྡིང་ཚུར་ལྡིང་གིས་དགའ་བའི་རྣམ་པ་མངོན་ཞིང་བདག་པོ་དང་རྩེ་དགའ་བྱེད་པ་ལས་ཞི་མི་དང་གཏན་ནས་མི་འདྲ། ཞི་མི་ནི་ཕྱུག་བདག་ལ་དགའ་བའི་གཡུང་དྭགས་ཤིག་ཡིན་ཞིང་ཁྱིམ་དེའི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ན་ཞི་མིའང་ཁྱིམ་དེ་ནས་འགྲོ་སྲིད། དེས་ན་ང་ཚོ་མི་ཚང་མ་ཁྱི་ལ་ཧ་ཅང་དགའ།
གུས་མོ་རྒྱུན་པར་ཁྱི་ཞིག་གསོ་བར་ཧ་ཅང་འདོད། ཡིན་ནའང་ཆ་རྐྱེན་མེད་པ་སོགས་རྒྱུ་མཚན་མང་པོ་ཞིག་གིས་གསོ་མ་ཐུབ། དེས་ན་རྣམ་ཀུན་ལམ་འགྲམ་གྱི་ཁྱི་བདག་མེད་ཐུག་ཚེ་ངའི་གྲོགས་པོར་བརྩིས་ནས་ཁོ་ཚོ་ལ་གཟན་ཆས་སྟེར་གྱི་ཡོད། འོན་ཀྱང་ད་ཆ་གུས་མོའི་ཁྱིམ་ལ་ཁྱི་གསུམ་གསོས་ཡོད། ཆེ་ཤོས་ནི་ལོ་བཞི་ཡིན། དེར་གནག་ཅིང་སྣུམ་པའི་སྤུ་མདོག་དང་སྟོབས་ཆེ་ཞིང་བརྗིད་ཉམས་ཆེ་བའི་གཟུགས་གཞི། གཟབ་ནན་གྱི་ངོ་གདོང་བཅས་ཧ་ཅང་འཇིགས་སྐྲག་ཆེ། ཁོའི་མིང་ལ་སེང་སྟག་ཟེར། ཁོའི་གཤིས་ཀ་གདུག་རྩུབ་ཆེ་ལ་མི་གཞན་དང་འབྲེལ་འདྲིས་བྱེད་རྒྱུར་དགའ་པོ་མེད་པར་སོ་སོ་གཅིག་པུར་སྡོད་རྒྱུར་དགའ། ཁྱི་གཉིས་པ་དེའི་མིང་ལ་〝བལྡགས་སྒོར〞ཟེར་ཞིང་ད་ལྟ་ལོ་གསུམ་ཡིན། ཁོ་ལ་རྒྱགས་ཤིང་རིང་བའི་ལུས་ཕོངས་དང་ཁྲ་ཆུང་ཉ་མིག་ལྟ་བུའི་མིག་ཟུང་། ཐུང་ཞིང་སྦོམ་པའི་རྐང་ལག་བཅས་འགད་ལ་ཉེ་བའི་ལྒང་བུ་དཀར་པོ་ཞིག་དང་གཉིས་སུ་མ་མཆིས། ཁོ་ཧ་ཅང་གི་སྙིང་རྗེ་པོ་ཡོད། ཡིན་ནའང་ཁོ་ཉིན་ལྟར་ཟ་རྒྱུ་དང་གཉིད་ཉལ་རྒྱུ་མ་གཏོགས་གཞན་གང་ཡང་མི་ཤེས། ཁོ་སྙིང་རྗེ་པོ་ཡོད་པས་ལམ་འགྲོ་བ་མང་པོ་ཞིག་གིས་ཁོ་ལ་རྔན་པ་སྟེར་གྱི་ཡོད། དེ་ཡིས་ཁོ་རྒྱགས་རིལ་ཆགས་པ་རེད། ཁྱི་ཕྲུག་ཆུང་ཤོས་དེ་ལ་གག་པ་ཟེར། ཁོ་ད་ལྟ་ལོ་གཅིག་ལ་སོན་ཙམ་རེད། ནག་ཅིང་རྫོབ་པའི་སྤུ་དང་རིད་ཅིང་སྐམ་པའི་གཟུགས་པོ། ནག་ཅིང་སྣུམ་པའི་མིག་ཆུང་གཉིས་ནི་རྒུན་འབྲུམ་ནག་པོ་ཆ་གཅིག་དང་ཀུན་ནས་མཚུངས། ཁྱི་ཕྲུག་གག་པ་ནི་ཁོ་ཚོ་གསུམ་པོའི་ནང་ནས་གཟུགས་སྟོབས་ཆུང་ཤོས་དང་སྐྱོ་ཤོས་ཡིན། རྒྱུ་མཚན་ནི་སྤོ་བོས་བཤད་རྒྱུར། ང་རང་སློབ་གྲྭར་འགྲོ་བའི་སྐབས་ཏེ་ཁྱི་ནག་གག་པ་སྐྱེས་ནས་ཉིན་ཤས་མ་སོང་བར་ཁོའི་ཨ་མར་མོ་ཊས་བརྡུངས་ནས་ཤི་བས་ཁོ་འཚོ་བཅུད་མ་ལྡང་བས་རེད་ཟེར།
ཁོ་ཚོ་གསུམ་པོའི་མིང་ནི་ངའི་སྤོ་བོས་བཏགས་པ་ཡིན། སེང་སྟག བལྡགས་སྒོར། གག་པ་གསུམ་ནི་ཁོ་ཚོའི་ཁྱད་ཆོས་ལ་བརྟེན་ནས་བཏགས་པ་ཡིན་ཏེ་མངོན་སུམ་པ་ཞིག་འདུག སེང་སྟག་ཞེས་པ་ཁོའི་གཤིས་ཀ་གདུག་རྩུབ་ཆེ་ལ་སེང་གེ་དང་སྟག་གི་རྫིག་ཉམས་ཡོད་པས་སོ། ། བལྡགས་སྒོར་ཞེས་པ་ཁོ་ཟ་མ་ཟ་རྒྱུ་མ་གཏོགས་གཞན་གང་ཡང་མ་ཤེས་པས་བལྡགས་ཞེས་ཐོབ་དང་། སྒོར་ནི་ཁོ་རྒྱགས་པ་སྒོར་སྒོར་ཡོད་པས་སོ། །གག་པ་ནི་སྐྱོ་པོ་ལ་གོ་བ་སྟེ། ཁྱི་ཕྲུག་ཁོ་གཟུགས་སྟོབས་ཆུང་བས་སོ། །
དངོས་གནས་རེད་འདུག ཁྱི་ནི་བྱས་པ་གཟོ་བའི་སྲོག་ཆགས་ཤིག་ཡིན། ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་ཁྱིམ་ཚང་སྲུང་སྐྱོབ་བྱེད་ཀྱི་ཡོད་ལ་ང་ཚོའི་བར་གྱི་བརྩེ་བ་ནི་ནམ་ཡང་འོ་ཆུ་གཅིག་འདྲེས་ཡིན། །
ལྷ་ས་སློབ་འབྲིང་གསུམ་པའི་ལོ་རིམ༨(༣)
ཟུར་ཁྲིད་དགེ་རྒན། དབང་གྲགས།