http://zw.xzqnb.cn/Content/weixinlogo.png
ངའི་ཨ་མ་ནི་ཞིང་གྲོང་གི་བུད་མེད་དཀྱུས་མ་ཞིག་ཡིན། ཁོ་མོའི་མངལ་ག
http://zw.xzqnb.cn/m/content/2024-02/02/000488.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །འོད་སྟོང་ལྡན་པའི་མ་འོངས་པར་ཧུར་བརྩོན་གྱིས།

༄༅། །དྲིན་ཆེན་མ་ཡུམ།

༄༅། །དགེ་བའི་བཤེས་གཉེན་ལགས།

ལྷོ་ཁས“མཐའ་འཁྱོངས་གསུམ”ལ་བརྟེན་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་དམ་འཛིན་ཡག་པོ་བྱས་པ།

等待处理…

༄༅། །དྲིན་ཆེན་མ་ཡུམ།

作者 འཇམ་དབྱངས་སྒྲོལ་དཀར།
2024年02月02日

ངའི་ཨ་མ་ནི་ཞིང་གྲོང་གི་བུད་མེད་དཀྱུས་མ་ཞིག་ཡིན། ཁོ་མོའི་མངལ་གྱི་གུར་ཁང་ཡངས་པོར་བདག་གིས་ཟླ་དགུ་ཞག་བཅུར་ཤ་རུས་ཁྲག་གསུམ་གྱི་བརྩེ་བའི་འཚོ་བཅུད་ཞིབ་ཅིང་རྣམ་ཤེས་ཕྲ་མོར་དྲོད་འཇམ་བདེ་གསུམ་གྱི་འབབ་སྟེགས་བསྐྲུན་ནས་ཉིན་ཞག་ཉིས་བརྒྱ་དང་བརྒྱད་ཅུ་ལྷག་སུམ་རྩེན་ལྟ་བུའི་གནས་མལ་དྲོན་མོར་དེར་གཏན་སྡོད་བྱས་རྗེས། དགུན་ཟླ་མགོ་མའི་ཉིན་ཞིག་ཏུ་ང་ལ་དྲིན་ཆེན་མ་ལོ་ཁྱེད་ཀྱིས་ཚེ་སྲོག་གི་འོད་སྣང་དེ་སྦྱིན་བྱུང་། རྣམ་པར་དཀར་བའི་ལྷག་བསམ་ཟོལ་མེད་དང་བླ་ན་འཕགས་པའི་ཀུན་སྤྱོད་ལེགས་པོའི་ཁྲོད་ནས་ང་རང་གཉོར་སྐྱོང་བྱས་ཏེ་ད་ལྟའི་རིག་པའི་དཔུང་ཁག་འདི་རུ་སློབ་གཉེར་ལ་བཏང་།

ངའི་ཨ་མ་ནི་སློབ་གྲྭར་སོང་མ་མྱོང་བས་གསལ་བྱེད་སུམ་ཅུའི་མགོ་རྔ་ཙམ་ཡང་མི་ཤེས། དེ་བས་ཁོ་མོ་ནི་ཡིག་རྨོངས་བ་ཞིག་ཡིན་ཞེས་བཤད་ཆོག་ཆོག་ཡིན་ཡང་ངས་དེ་ལྟར་དུ་གཏན་ནས་བཤད་མི་འདོད། རྒྱུ་མཚན་ནི་ངའི་ཨ་མས་ཡི་གེ་མི་ཤེས་རུང་སློབ་གྲྭ་འགྲིམས་པའི་དགེ་མཚན་ཤེས་ཡོད་ལ་ཕྱི་ཡུལ་འགྲིམས་ན་མཐོང་རྒྱ་བསྐྱེད་པའང་ཤེས་ཡོད། ད་དུང་དུས་རབས་ཚན་རིག་གིས་གསོས་ཤིང་དཔལ་འབྱོར་འགྲན་རྩོད་ཀྱིས་བསྐྱོམས་པའི་དུས་འདིར་སློབ་གསོ་མྱོང་དགོས་པའི་གལ་ཆེན་རང་བཞིན་ཡང་གཞི་ནས་རྟོགས་ཡོད། ཁོ་མོས་དུས་བཞིའི་དབྱེ་བ་མེད་པར་ལས་ཀ་ཙག་ཙིག་གི་ཆེད་དུ་ཉིན་མོའི་ཟས་དང་དགུང་མོའི་གཉིད་ཀྱི་བདེ་བ་བོར་ནས་ཡོད། དགུན་གྱི་ལྷགས་རླུང་གི་གདུག་རྩུབ་ཀྱིས་ཁོ་མོའི་བཞིན་རས་ལ་མནར་གཅོད་དང་དབྱར་གྱི་ཆར་ཆུ་ཡིས་སྙིང་རྗེ་མེད་པར་ཁོ་མོའི་ལུས་སེམས་ལ་བརླན་པ་ཅི་ཙམ་ཐེབས་ཀྱང་ཁོ་མོར་འཁང་ར་དང་ལེ་བདའ་སྤུ་ཙམ་ཡང་མེད་པར་མུ་མཐུད་དུ་རང་ཉིད་ཀྱི་མི་ཚེ་ཅོལ་ཆུང་ངའི་ཆེད་དུ་ཟད་བཞིན་ཡོད། ནམ་རྒྱུན་སློབ་གྲྭར་འགྲོ་ཐེངས་རེར། ཨ་མ་ཁྱེད་རང་གིས་ཕུ་བོ་ངེད་གཉིས་ཀྱི་ལག་པ་དམ་པོར་འཇུས་ནས་སློབ་གྲྭ་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་ཚུལ་དང་། རྗེས་ཕྱོགས་ཁོ་མོ་འདྲ་བའི་གྲོང་ལས་རྐྱང་རྐྱང་མ་གཏོགས་ཅི་ཡང་མི་ཤེས་བའི་བླུན་པོ་ཞིག་ཏུ་འགྱུར་མི་ཉན་ཞེས་ནན་ཏན་ངང་ཡང་དང་བསྐྱར་གྱིས་བཤད།

ཨ་མ་ལགས། ཁྱེད་ཀྱི་བཀའ་སློབ་དག་བུ་མོ་ངས་ཡིད་ལ་དམ་པོར་བཟུང་ཡོད། ཡིན་ནའང་གཤིས་རྒྱུད་བལ་དཀར་ལྟར་འཇམ་ལ་བློ་ཁོག་ནམ་མཁའ་ལྟར་ཡངས་བ། ཁྲེལ་གཞུང་ཆུ་བོ་བཞིན་རིང་ལ་རྒྱུ་འབྲས་མིག་ཟུང་བཞིན་སྲུང་བའི་དྲིན་མ་ལོ་ཁྱེད་ཉིད་བླུན་པོ་ཞིག་གང་ནས་ཡིན། དེ་བས་སྐད་ཆ་དེ་འདྲ་མི་གསུངས་རོགས། ཨ་མ་ལགས་ཁྱེད་ཀྱིས་དྲན་ནམ། བུ་མོ་ངས་རྡབ་རྡིབ་གཏམ་གྱི་སྒྲ་དབྱངས་ཐོག་མ་དབྱངས་སུ་སྐྱོར་དུས་ནས་བཟུང་གསལ་དག་སྙན་གསུམ་གྱི་ཕ་སྐད་གཙང་མའི་ཕྲེང་བ་མགུལ་ལ་བྱམས་ཀྱིས་རྒྱུ་མཁན་ནི་ཨ་མ་ཁྱེད་ཉིད་ཡིན་ལ་ང་ཡི་གོམ་པ་དང་པོ་ཁྱར་ཁྱོར་མི་ཡུལ་འདིར་སྤོ་བ་ནས་བཟུང་། ཁ་འཇམ་ཚིག་འཇམ་གྱིས་ཀྱ་ཙེ་གོམ་ཙེ་བྱས་ཏེ་ངའི་གཉོམ་ཆུང་གི་སེམས་རྩ་རུ་རྟེན་ཕུར་བརྟན་མོ་བརྡབས་མཁན་ཡང་ཨ་མ་ཁྱེད་ཉིད་ཡིན་པས། ཁྱེད་ནི་བུ་མོ་ངའི་མི་ཚེའི་ལམ་སྣེ་ཁྲིད་མཁན་གྱི་དགེ་རྒན་ཐོག་མ་ཡིན། དེར་བརྟེན་ཁྱེད་ཉིད་རྨོངས་བ་དང་བླུན་པོ་ཡིན་ག་ལ་སྲིད། སྙིང་ནས་བརྩེ་བའི་མ་ལོ་ལགས། བུ་མོ་ངའི་ཆེད་དུ་ཁྱེད་ཀྱིས་ལང་ཚོའི་འཕྱོར་སྒེག་རྨིག་རྗེས་སུ་ཐིམ་ཞིང་རྔུལ་ཆུའི་རྡོག་ཕྲེང་གཞིས་ཁྱིམ་གྲུ་བཞི་འདིར་གཏོར་ནས་ཡོད་པ་མ་ཟད། ད་དུང་རང་ཉིད་ཀྱི་ཤ་རུས་ཁྲག་གསུམ་གྱི་ཕུང་པོའང་གཞུ་ལྟར་བཀུགས་ཡོད། ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས་ཁྱེད་ཀྱི་དཀའ་སྡུག་གིས་བསྡུས་པའི་གདོང་གི་གཉེར་མ་དག་ཇེ་མང་ནས་ཇེ་མང་དང་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྱུར་བཞིན་ཡོད་ཀྱང་ཁྱེད་ཀྱིས་སྔར་བཞིན་སེམས་བརྩེ་བ་ཆེན་པོས་ཡངས་པའི་འཇིག་རྟེན་འདིར་རེ་བའི་གོམ་སྟབས་བསྒྱུར་བཞིན་མཆིས། ཨ་མ་ལགས། ཁྱེད་ཀྱིས་བར་སྣང་དུ་རྒྱུ་བའི་ལྷགས་རླུང་དང་བརྒལ་བར་དཀའ་བའི་རི་རྒྱུད་དཀའ་སྡུག་གི་ལམ་རིས་དག་དྲན་ཚེ། ཁྱེད་ཀྱི་མི་ཚེ་ནི་གྱ་མ་གྱུ་དང་ངུ་མ་དགོད། ཤི་མ་གསོན་དང་རྒྱུག་མ་འདུར་སོགས་ཀྱིས་གྲུབ་ཡོད་རུང་ཁྱེད་ཀྱི་དཀའ་སྡུག་གི་ལམ་རིས་དེ་དག་གི་བདག་པོ་ནི་ཅོལ་ཆུང་ནུས་མེད་ཀྱི་བུ་མོ་ང་ཅི་ལ་མིན།

བརྩེ་བའི་མ་ལོ་ལགས། ལོ་ཟླའི་འཁོར་སྐྱོད་ཀྱི་ཀློང་དུ། ང་ནི་ཁྱེད་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་ལྷག་བསམ་ཟོལ་མེད་ཀྱི་གཅེས་སྐྱོང་འོག་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད། ཁྱེད་ནི་བུ་མོ་ང་རང་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ནམ་ཡང་འགྱུར་བ་མེད་པའི་རྟག་བརྟན་ཐེར་ཟུག་གི་རྒྱབ་རི་བརྟན་པོ་དེ་ཡིན། ཨ་མ་ལགས། ཁྱེད་ཉིད་དངོས་གནས་འོ་བརྒྱལ་མྱངས་སོང་། བཀའ་དྲིན་ཆེའོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་ཀྱི་དགེ་རྒན། སྤེན་པ་ཚེ་རིང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博