དགེ་རྒན་མེད་པའི་གོང་རོལ་ན་སངས་རྒྱས་བྱ་བའི་མིང་ཡང་མེད་ཅེས་པའི་དཔེ་ལྟར། དགེ་རྒན་ཞེས་པའི་མཚན་འདི་ལ་ཐོབ་ཐང་ཆེན་པོ་ཡོད་པ་མ་ཟད། སྐྱེ་བོ་མང་པོ་ཞིག་གིས་གུས་འདུད་དང་དགའ་བསུ་ཆེན་པོ་འཐོབ་དང་ཐོབ་བཞིན་ཡོད།
དེ་ལས་ཀྱང་ཧ་ལས་དགོས་པ་ཞིག་ནི་རང་གིས་གང་ཤེས་པ་ཚང་མ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས། སྦས་གསང་མེད་པའི་སྒོ་ནས་རང་ཉིད་ཀྱི་སློབ་ཕྲུག་ལ་གང་ཐུབ་ཅི་ཐུབ་ཀྱིས་ཤེས་བྱ་ཡོན་ཏན་རྒྱུད་སྤེལ་བྱེད་ནས་ང་ཚོའི་ཡི་གེ་མི་ཤེས་པའི་རྨོངས་པ་དེ་སེལ་བར་བྱེད། དེར་བརྟེན་དགེ་བའི་བཤེས་གཉེན་གྱི་ལས་ཀ་འདི་ནི་རང་དོན་དོར་ཏེ་གཞན་ཕན་འབའ་ཞིག་སྒྲུབ་མཁན་གྱི་ལས་བཟང་ཞིག་ཡིན་པས། དགེ་རྒན་གྱི་ལས་རིགས་འདི་ནི་ཆེས་རིན་ཐང་གཞལ་དུ་མེད་པའི་མུན་སེལ་གྱིས་སྒྲོན་མེ་ཞིག་དང་འདྲ། ངས་ཀྱང་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་ཆེད། སློབ་སྦྱོང་ལ་དཀའ་སྤྱད་འབད་བརྩོན་བྱས་ནས་རྗེས་མ་ཡིག་རྨོངས་སེལ་མཁན་གྱི་དགེ་རྒན་བཟང་པོ་ཞིག་ཆགས་ཐུབ་པར་བྱ་རྒྱུ་ཡིན་ནོ། །