ཀྭ་ཡེ། རང་དང་མཉམ་པའི་ན་གཞོན་གྱི་བུ་སློབ་ཚོ། ཁྱེད་ཚོས་འོད་ཟེར་སྟོང་ལྡན་གྱི་མ་འོངས་པའི་ཆེད་དུ་མདུན་ཕྱོགས་ཀྱི་ལམ་བུ་དེ་ཅི་ལྟར་མུན་ནག་དང་ཁ་ཕྱོགས་མི་གསལ་བ་ཡིན་རུང་འབད་བརྩོན་གྱིས་དང་།
དང་ཐོག ང་ཚོ་མཚར་སྡུག་འོད་སྟོང་བཀྲ་བའི་འཇིག་རྟེན་རིལ་མོ་བ་དེའི་སྟེང་དུ་རྨི་ལམ་ལྟར་སླེབས་པ་དེ་ནི་སྤྱིར་བཏང་མིན་པའི་དོན་ཆེན་ཞིག་དང་འོད་སྣང་བཀྲ་བའི་འཇིག་རྟེན་འདི་ཡི་སྟེང་དུ་ང་ཚོས་རྗེས་དྲན་བྱ་ཡུལ་དང་འབད་བརྩོན་བྱ་དགོས་པ་ཡང་ཧ་ཅང་མང་པོ་ཡོད། དེའི་ཕྱིར། རྨི་ལམ་ལྟ་བུའི་མི་ཚེ་དེ་ལ་རང་ཉིད་ཀྱིས་བརྩོན་པ་བརྒྱ་དང་འབད་པ་སྟོང་བྱས་ཚེ་གཞི་ནས་རང་ཉིད་ལ་དབང་བའི་འོད་སྣང་དེ་མཐོང་ཐུབ།
ང་ཚོའི་འཚོ་བའི་ཁྲོད་ནམ་ཕྱེད་ཆུ་ཚོད་ལྔ་པ་ནས་ལངས་ཏེ་སློབ་སྦྱོད་བྱེད་མཁན་གྱི་མི་ཡོད་ལ་ཉིན་གང་བརྩོན་འགྲུས་དེ་དགྲ་བོ་དང་མར་བརྩིས་ནས་ལེ་ལོ་གྲོགས་སུ་བསྟེན་མཁན་ཡང་མང་པོ་ཡོད་སྲིད། དེ་བས་ཀྱང་དཔེ་དེབ་གྲོགས་སུ་བསྟེན་མཁན་ཡོད་ལ་དཔེ་དེབ་དགྲ་བོར་བསྟེན་མཁན་ཡང་མང་པོ་ཡོད་སྲིད།
ཧུར་བརྩོན་དང་བརྩོན་འགྲུས་ནས་བྱུང་བའི་སྙིང་སྟོབས་ནི་ལྷན་སྐྱེས་ཀྱི་ནུས་པ་ཞིག་གཏན་ནས་མ་ཡིན་ལ་དེ་ནི་རྒྱུན་མཐུད་ཀྱི་སྙིང་རུས་ལས་བྱུང་བ་དང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱི་སྙིང་སྟོབས་ཤིག་དེ་བས་ཡིན། འོད་སྟོང་འབར་བའི་ལམ་བུ་དེ་ཡི་སྟེང་གི་འབད་བརྩོན་ཅན་གྱི་ཁྱེད་ནི་ཅང་ཤེས་ཀྱི་རྟ་མཆོག་དང་ཆུ་ནང་གི་ཉ་མོ་ལྟ་བུ་ཡིན། འབད་པ་ཅན་གྱི་ཁྱེད་ཀྱིས་འཇིག་རྟེན་རིལ་མོ་བ་དེ་སྔར་ལས་མཛེས་སྡུག་ལྡན་པར་མཛེས་རྒྱན་སྤྲད། མ་འོངས་ཀྱི་ལམ་བུ་དེ་ནི་ཆེས་འོད་སྟོང་འབར་བ་ཞིག་ཡིན་པས་བརྩོན་འགྲུས་ཀྱིས་ལམ་བུ་དེའི་སྟེང་དུ་ཅང་ཤེས་རྟ་ཕོ་ལྟར་རྒྱུགས་ན་དེ་ནི་སྔར་ལས་ཀྱང་མཚར་སྡུག་བཀྲ།
ལང་ཚོ་དར་བའི་ཁྱེད་དང་ང་ཚོ་ནི་ཁྱིམ་ཚང་གི་མ་འོངས་ཡིན་ལ་དེ་བས་ཀྱང་མཚར་སྡུག་འོད་སྟོང་བཀྲ་བ་དང་བརྗིད་ཉམས་ལྡན་པའི་མེས་རྒྱལ་གྱི་མ་འོངས་པའང་ཡིན། མི་ཚེའི་ལམ་ཆེན་སྟེང་དུ་བགྲོད་དགོས་ན་དང་ཐོག་ཁྱེད་ཀྱིས་བརྩོན་འགྲུས་ལ་བརྟེན་ནས་མ་འོངས་ཀྱི་འབྱུང་འགྱུར་གཏོད་དགོས། གལ་སྲིད་ཁྱེད་ཀྱི་མ་འོངས་པ་དེ་འོད་ཟེར་དང་ལྡན་པ་ཞིག་བྱུང་ཚེ་ཁྱེད་ཀྱི་མིག་ལམ་དུ་འཆར་བ་ནི་དུས་ནམ་ཡང་འོད་ཟེར་ལྡན་པའི་དངོས་པོ་ཁོ་ན་ཡིན།
མ་འོངས་པ་ནི་དུས་གསུམ་གྱི་ཕྱི་མ་དེ་ཡིན་ལ་དེ་བས་ཀྱང་ཁྱེད་ཀྱི་མི་ཚེའི་ཕྱི་མ་དེ་ཡང་ཡིན། མ་འོངས་ནི་འོད་ཟེར་ཅན་ཞིག་ཡིན། ཡིན་ནའང་ཁྱེད་ཀྱིས་དུས་ཚོད་འཕྲོ་བརླག་དང་ཉི་མ་གང་འཁྱོལ་བྱས་ཏེ་བསྡད་ན་ཁྱེད་ཀྱི་ཕུགས་བསམ་དང་ཁྱེད་ཀྱི་མ་འོངས་ནི་རྨི་ལམ་ལྟ་བུར་ཡུད་ཙམ་སྤྲོ་བ་ལས་དུས་ནམ་ཡང་ཡལ་འགྲོ །
བདག་དང་མཉམ་པའི་ན་གཞོན་གྱི་བུ་ཕྲུག་ཚོའི་མཆོག་ལ། ཁྱེད་ཀྱི་བརྩོན་འགྲུས་མི་གཞན་གྱིས་མཐོང་བའི་ཆེད་དུ་མིན་དེ་ནི་ཆེས་ཡག་ཤོས་ཀྱི་རང་ཉིད་དང་རྩེད་མོ་མི་རྩེ་བའི་ཆེད་དུ་ཡིན་ལ་རི་གཤམ་ནི་མི་མང་པོ་ཚང་སའི་ས་ཆ་ཞིག་ཡིན་པས་ང་ཚོས་བརྩོན་པ་བརྒྱ་དང་འབད་པ་སྟོང་བྱས་ནས་རི་རྕེའི་ཡུལ་ལྗོངས་ལ་བལྟ་བར་འགྲོ་དགོས།
མ་འོངས་མེས་རྒྱལ་གྱི་རེ་བ་ཅན་ཚོ། འཆར་ཀའི་འོད་ནི་མཚར་སྡུག་ཡིད་དབང་འཕྲོ། ང་ཚོས་བརྩོན་འགྲུས་ཀྱིས་ཅང་ཤེས་རྟ་ཕོ་ལྕག་གིས་བསྐུལ་ནས་གཏི་མུག་གི་ཕྲང་ལམ་ཧད་ཀྱིས་བརྒལ་ཏེ་མཚར་སྡུག་ལྡན་པའི་ལེགས་གྲུབ་ཀྱི་རྩྭ་ཐང་དུ་བགྲོད་པར་གཞོལ་ན། མི་ཚེའི་དོན་ལྡན་གྱི་འཆར་ཀའི་འོད་སྣང་དེ་ང་ཚོའི་ལུས་ཟུངས་ནས་འཕྲོ་ངེས་ལགས། །
ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༡(༡༣)
ཟུར་ཁྲིད་དགེ་རྒན། མེ་ཏོག་ཆོས་སྒྲོན།