http://zw.xzqnb.cn/Content/weixinlogo.png
དུས་ཀྱི་འཕོ་འགྱུར་ཡར་ངོའི་ཟླ་ལ་འགྲན་པའི་དེང་གི་དུས་ནི་ཤེས་རི
http://zw.xzqnb.cn/m/content/2024-01/26/000479.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །འབད་བརྩོན་གྱིས་འོད་འཕྲོ་སྲིད།

༄༅། །བདག་དང་ཁྱི་ཕྲུག

༄༅། །ཤེས་བྱའི་གནས་ལ་བརྩོན།

等待处理…

༄༅། །ཤེས་བྱའི་གནས་ལ་བརྩོན།

作者 ཟླ་བ་རྒྱལ་མཚན།
2024年01月26日

དུས་ཀྱི་འཕོ་འགྱུར་ཡར་ངོའི་ཟླ་ལ་འགྲན་པའི་དེང་གི་དུས་ནི་ཤེས་རིག་འབར་གས་བྱེད་པའི་དུས་བཟང་ཞིག་རེད། དེར་བརྟེན་འཇིག་རྟེན་འདིའི་སྟེང་གི་སྐྱེ་བོ་དུ་མ་ཞིག་གིས་མཁས་ཀྱང་དཔེ་དང་མ་བྲལ། སྡུག་ཀྱང་སྙིང་རུས་མ་ཆུང་། ཟེར་བའི་དཔེ་བཞིན་ལག་ཏུ་དཔེ་ཆ་དང་མ་བྲལ་བར་རང་དགོས་ཤེས་བྱའི་གནས་ལ་ཟས་བརྗེད་གཉིད་བཅག་གིས་འབུང་བཞིན་མཆིས། དེ་བས་ཀྱང་ཏང་གི་ཡང་དག་སྲིད་ཇུས་བཟང་པོའི་ཉི་འོད་རྒྱལ་ཡོངས་ཀྱི་ས་ཕྱོགས་གང་སར་ཁྱབ་པ་དང་ལྷན་དུ་སློབ་གྲྭ་མང་པོ་འཛུགས་བསྐྲུན་བྱེད་པ་ནི་མུན་ནག་གི་འཛིན་མར་འོད་གསལ་གྱི་རྟ་བདུན་དབང་པོ་འཆར་བ་དང་གཉིས་སུ་མ་མཆིས།

མི་ལོ་བཅུ་གཅིག་ཙམ་གྱི་གོང་རོལ་ན་བདག་ཀྱང་དབྱངས་གསལ་སོ་བཞིའི་དབྱངས་རྟ་སྙན་མོས་ཡིད་སེམས་རབ་ཏུ་བཀུག་ཏེ་ཞིང་གྲོང་གི་བྱིས་པ་སྣབ་ལུད་དག་དང་མཉམ་དུ་ཤེས་རིག་གི་ཕ་མཐའ་འགྲིམས་པའི་གོ་བསྐལ་བཟང་པོ་ཞིག་ཐོབ། འདས་ཟིན་པའི་བགྲང་བྱ་འདི་དག་གི་ཁྲོད་དུ་བདག་ལ་ཤེས་རིག་གི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་བསྩལ་མཁན་གྱི་དགེ་བའི་བཤེས་གཉེན་དུ་མ་ཞིག་དང་། དཔྲལ་བའི་མིག་ལྟར་གཅེས་ཤིང་ཡོད་ཚད་བུ་ཕྲུག་གི་དོན་དུ་བློས་གཏོང་གནང་མཁན་གྱི་ཡབ་ཡུམ་གཉིས། དེ་བས་བརྩེ་བ་མཚོ་ལྟར་ཟབ་པའི་མཛའ་མཐུན་གྱི་སློབ་གྲོགས་དུ་མ་ཞིག་ཀྱང་ཡོད་པས་འདི་དག་ནི་བདག་ད་བར་སློབ་གཉེར་གྱི་ལམ་བུར་ཞུགས་པའི་མཐུན་རྐྱེན་ཞིག་ཏུ་གྲུབ་ཡོད། འོན་ཀྱང་སློབ་གཉེར་བ་ཞིག་གི་ངོས་ནས་བརྗོད་ན་འདི་ཙམ་གྱི་མཐུན་རྐྱེན་འཛོམས་པ་ཙམ་ལས་རང་ཉིད་ཀྱི་རྒྱུད་ལ་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་སྐུལ་བའི་དཔའ་སྟོབས་ཞིག་མེད་ཚེ་མཁའ་ལྟར་ཡངས་པའི་ཤེས་རིག་གི་ཕ་མཐའ་གྲོལ་བར་དཀའོ། །ཇི་སྐད་དུ། སློབ་དཔོན་པདྨས། མཁས་པ་ཐམས་ཅད་སློབ་པའི་དུས་ན་སྡུག །སྐྱིད་པོ་བྱས་པའི་ལོ་པཎ་རྒྱ་བོད་མེད། །ཅེས་གསུངས་པ་ཇི་བཞིན་སློབ་གཉེར་གྱི་བརྒྱུད་རིམ་ནི་དཀའ་ཚེགས་ཆེ་ཞིང་རྒྱུན་རིང་བའི་བྱ་བ་ཞིག་ཡིན་པས་སློབ་གཉེར་བྱ་སྐབས་ལྟོ་འགྲང་འབའ་ཞིག་དང་ཆང་འཐུང་ཁོ་ནའི་དོན་དུ་དུས་འདའ་བ་ཙམ་ལས་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་མ་བསྐུལ་བར་མཁས་འདོད་ཀྱི་རེ་བ་བཅངས་པ་ནི་ཉིན་མོའི་སྐར་མ་དང་རི་བོང་གི་རྭ་བཞིན་ནོ། །དེ་བཞིན་སྔོན་བྱོན་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་འདི་དག་ཀྱང་དཀའ་སྤྱད་འབད་བརྩོན་མ་བྱས་པ་གཅིག་ཀྱང་མེད། ཕྱུག་པོའི་སྟ་རེའང་ལྕགས་ཡིན། སྤྲང་པོའི་ཁབ་ཀྱང་ལྕགས་ཡིན་ཞེས་པའི་དཔེ་ལྟར་ང་ཚོ་སློབ་འབྲིང་སྐབས་སུ་སློབ་སྦྱོང་བྱེད་མྱོང་བའི་བདག་གི་གཞོན་ནུའི་ལོ་རབས་ཞེས་པའི་ནང་དུའང་། རྗེ་བཙུན་མི་ལ་རལ་པའང་ཨ་ཁུ་དང་ཨ་ནེའི་གདུག་རྩུབ་ཀྱི་བྱ་སྤྱོད་ལ་དཔའ་མི་ཞུམ་པར་རང་གིས་རང་ལ་ཡིད་རྟོན་དང་། བརྩོན་འགྲུས་གྲོགས་སུ་བསྟེན་པའི་དངོས་འབྲས་བུ་ནི་རྫུན་གྱིས་མ་སྦག་པའི་དཔེ་མཚོན་གསོན་པོ་ཞིག་དང་མིག་དཔེར་འོས་པ་ཞིག་རེད།

མདོར་ན། ཤེས་རབ་བཟང་པོའི་མཚོན་བྱ་རྣོ་ན་ཡང་། །བརྩོན་འགྲུས་ལག་པའི་ཤེད་དང་མ་འབྲེལ་ན། །གཏི་མུག་དགྲ་ཡི་མགོ་གཅོད་མི་ནུས་པས། །ཤེས་བརྩོན་ཟུང་འབྲེལ་བྱེད་དགོས་སློབ་གྲོགས་ཚོ། །ཞེས་གསུངས་པའི་གདམས་ངག་དྲི་མ་བྲལ་བ་འདི་དུས་དང་རྣམ་པ་ཀུན་ཏུ་སློབ་གཉེར་གྱི་ལམ་དུ་འཁྱེར་ནས་སྐྱེས་ཆེན་དམ་པའི་བརྩོན་འགྲུས་དང་སྙིང་སྟོབས་དཔེ་རུ་བླངས་ནས་མཁའ་ལྟར་ཡངས་པའི་ཤེས་བྱའི་གནས་ལ་བརྩོན་པར་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་མ་ཡིན་ནམ། །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ ༡(༡༡)

ཟུར་ཁྲིད་དགེ་རྒན། བསྟན་འཛིན་ཆོས་གྲགས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博