ཉེ་བའི་ཆར་ཉིན་རེ་བཞིན་གནམ་གཤིས་འགྱུར་ལྡོག་ཤུགས་ཆེན་འགྲོ་བ་དང་། དུས་མཚུངས་དགུན་དུས་ཀྱི་གནམ་གཤིས་སྐམ་ཤས་ཆེ་བས་རང་བྱུང་གི་ཆམས་རིགས་འགོས་ཁྱབ་ཤིན་ཏུ་ཆེ་བས་གཙང་སྦྲ་འཕྲོད་བསྟེན་ལ་སྔར་བཞིན་ལྷོད་གཡེང་མི་འགྲོ་བ་གལ་ཆེ།
ལྷག་པར་དུ་གྲོང་ཁྱེར་སོགས་ལ་མི་ཚོགས་འདུ་འཛོམས་མང་ཞིང་མཁའ་རླུང་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་སྤྱི་སྤྱོད་རླངས་འཁོར་དང་། རང་འདེམས་ཚོང་ར། སློབ་གྲྭ་དང་གློག་བརྙན་ཁང་དེ་མིན་ཟ་ཁང་བཅས་ལ་མི་ཚོགས་མཐུག་ལ་འདུ་འཛོམས་ཆེ་བའི་ས་གནས་ཡིན་པས་མི་ཕན་ཚུན་ནད་ཡམས་འགོས་སླ་བ་དང་། འགོས་ནད་ཀྱི་མྱུར་ཚད་མགྱོགས་པ་སོགས་ཀྱི་ཁོར་ཡུག་དང་མི་སྒེར་ལ་གནོད་འཚེ་ཧ་ཅང་རྒྱ་ཆེན་པོ་བཟོ་བཞིན་ཡོད། དེར་བརྟེན་དགུན་དུས་ཀྱི་གནམ་གཤིས་འདིར་ང་ཚོས་ཁོར་ཡུག་འཕྲོད་བསྟེན་ལ་ལེགས་བཅོས་སྤུས་གཙང་བྱ་རྒྱུར་ཤུགས་སྣོན་དང་། མི་སྒེར་གྱི་གཙང་སྦྲ་འཕྲོད་བསྟེན་མཐའ་འཁྱོངས་བྱས་ཏེ་བདེ་ཐང་ངང་འགོས་རིགས་ཐ་དག་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་དགོས།
གནམ་གཤིས་གྲང་ངར་ཤུགས་ཆེན་འགྲོ་བཞིན་པའི་དུས་འདིར་ང་ཚོས་དེ་བས་ལུས་པོར་བདག་གཅེས་དང་འདུ་འཛི་ཆེ་བའི་ཁྲོམ་ར་སོགས་སུ་བསྐྱོད་ཚེ་ལུས་པོའི་ཟུངས་ཤུགས་ཉམས་ནས་ནད་ཡམས་འགོས་པའི་ཉེན་ཁ་ཆེ་ལ། དེ་བས་གྲོང་ཁྱེར་སོགས་སུ་རླངས་འཁོར་གྱི་དུག་རླངས་དང་བཟོ་གྲྭའི་དུག་རླངས་སོགས་ཀྱི་མིའི་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཡོད་པས་ཚང་མས་གཟབ་གཟབ་ངང་ཕྱི་བསྐྱོད་གནང་དགོས། ལྷག་པར་དུ་དགུན་གྱི་དུས་འདིར་གནམ་གཤིས་འགྱུར་བ་ཆེན་པོ་ཡོང་གི་ཡོད་པས་སྐབས་འགར་རི་ཀླུང་གང་སར་ཁ་བ་འབབ་པ་དང་། སྐབས་འགར་ལྷག་རླུང་རྒྱག་པ་སོགས་ཀྱི་གནམ་གཤིས་སྐམ་ཤས་ཆེ་བས་ཆུ་ཁོལ་མ་མང་ཙམ་འཐུང་བ། ལུས་པོར་དྲོ་གཅོད་བྱེད་པ། ཞོགས་སྔ་ལངས་ཀྱིས་ཁ་རླུང་གསོས་པ་རྔུབ་པ་སོགས་བྱས་ཚེ་ནད་ཡམས་འགོག་ཐུབ་པའི་ཁྱད་ཆོས་ལྡན་ཡོད།
མདོར་ན་དགུན་དུས་ཀྱི་གནམ་གཤིས་འགྱུར་བ་དང་སྐམ་ཤས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ཡོངས་དང་མི་རེ་ངོ་རེ་ཡོངས་ཀྱིས་ངེས་པར་དུ་འཕྲོད་བསྟེན་གཙང་འགྱུར་ཡོང་བར་མཐའ་འཁྱོངས་བྱས་ཏེ་རང་བྱུང་འགོས་རིགས་ནད་དང་ཆམས་རིགས་ལ་ངེས་པར་དུ་ཡིད་ཟབ་བྱ་རྒྱུ་དོ་གལ་ཆེའོ། །