འཇིག་རྟེན་འདི་རུ་ཨ་མ་གཅིག་པུ་བཟང་ཞེས་པའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་འདི་རྣ་བར་ཐོས་དུས་ཨ་མའི་བྱམས་བརྩེའི་ཞལ་རས་ངའི་ཡིད་ལ་འཁོར། ནམ་ཡང་བརྗེད་ཐབས་མེད་པའི་ཨ་མའི་བྱམས་བརྩེ་དང་བརྩེ་བ་དེ་ལྷང་ལྷང་དུ་དྲན། ངའི་ཨ་མ་ནི་ཞིང་གྲོང་གི་བུད་མེད་དཀྱུས་མ་ཞིག་ཡིན་ཡང་ངའི་སེམས་ནང་ནས་བརྗོད་ན་ཡག་ཤོས་དང་མཛེས་ཤོས་ཤིག་ཡིན་ཁོ་མོ་ད་ལོ་དགུང་ལོ་སུམ་ཅུར་སླེབས་ཙམ་ཡིན་ཡང་ཁོ་མོའི་ངོ་གདོང་ལ་ཆུ་རིས་ལྟ་བུའི་གཉེར་མ་ལང་ལོང་དུ་འཁྲིགས་པ་མཐོང་དུས་ཁོ་མོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་ལས་ཀྱི་གདུང་བས་མནར་ཡང་ངའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་བཞིན་ཡོད། ཡིན་ན་ཡང་བཀའ་དྲིན་ལ་མི་བསམ་པའི་བུ་མོ་ངས་ཨ་མས་སྐུ་ལས་སྐྱོན་པ་དེ་སྣང་བའི་རྒྱབ་ཀྱི་རླུང་བུར་བརྩིས་ཡོད་པ་མ་ཟད་ཨ་མའི་ཁ་ལ་མ་ཉན་པའི་བུ་མོ་ཐ་ཤལ་ཞིག་ཏུ་གྱུར་པ་དེ་ནི་ང་རང་ངོ་ཚ་དགོས་པ་ཞིག་ཡིན་པ་ཤེས་བྱུང་། ཨ་མའི་བཀའ་དྲིན་ནི་རྒྱ་མཚོ་ལས་ཀྱང་ཟབ། ཨ་མའི་བྱམས་སྐྱོང་ནི་ཤིན་ཏུ་ནས་རླབས་ཆེ། ང་རང་སའི་གོ་ལ་དེའི་ཐོག་སླེབས་པ་ནས་བཟུང་ཨ་མས་ང་ཚོར་གཞན་ལས་ལྷག་པའི་གཅེས་སྐྱོང་དང་བྱམས་སྐྱོང་གནང་། ཨ་མ་ལགས། ཁྱེད་ནི་ལྟོགས་པའི་དུས་ཀྱི་བཟས་དང་འཁྱགས་པའི་དུས་ཀྱི་གོས་སྐོམ་པའི་དུས་ཀྱི་བཏུང་བ་ལྟ་བུ་ཡིན་པས་ངས་ད་ལྟ་ནས་བཟུང་སྟེ་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སློབ་སྦྱོང་བྱས་ཏེ། ཨ་མའི་དྲིན་ལན་གསོལ་བ་དང་ཨ་མས་ང་ཚོར་བཅངས་པའི་རེ་བ་དེ་མངོན་འགྱུར་ཡོང་བ་བྱེད་ཀྱི་ཡིན།
ཨ་མའི་བྱམས་བརྩེ་ཡིས་ང་ལ་གྲང་བའི་སྐབས་སུ་དྲོད་ཁོལ་དང་ཚ་བའི་སྐབས་སུ་བསིལ་གྲིབ་གནང་བའི་གཟུགས་པོར་སྟོབས་ཤུགས་རྒྱས། ཨ་མའི་བཀའ་དྲིན་གྱིས་ང་ལ་མི་ལུས་རྩ་ཆེན་ཞིག་གནང་བ་དང་ང་རང་ཆུང་སྦར་མོ་གང་ནས་ད་བར་མི་བཟང་པོ་ཞིག་ཆགས་པ་བཟོས་གནང་། ངས་དུས་ནམ་ཡང་ཨ་མའི་བྱམས་སྐྱོང་དང་བཀའ་དྲིན་སེམས་ལ་བཅངས་ནས་དྲིན་ཚོར་བ་དང་དྲིན་གསོ་ཐུབ་པའི་མི་ཞིག་ཆགས་པ་བྱ་རྒྱུ་ཡིན། །
ལྷོ་བྲག་རྫོང་སློབ་འབྲིང་ལོ་རིམ༧(༢)
ཟུར་ཁྲིད་དགེ་རྒན། ཟླ་སྒྲོན།