ཨ་མ་ཞེས་པའི་ཐ་སྙད་དེ་ནི་སྐྱེ་རྒུ་ཚང་མས་གོ་མྱོང་བའི་ཡོངས་ཁྱབ་ཀྱི་མིང་ཞིག་རེད། ཨ་མ་ནི་འཇིག་རྟེན་འདིར་འཚོ་སེམས་ཅན་ཐམས་ཅད་ལ་རིན་ཐང་བྲལ་བའི་ཚེ་སྲོག་སྦྱིན་མཁན་ཅིག་པུ་དེ་ཡིན།
བདག་ས་སྟེང་འདིར་སླེབས་ནས་ད་བར་དུ་ལོ་ངོ་བཅུ་བདུན་ཙམ་སོང་ཟིན། དེ་ནི་ཨ་མའི་བྱམས་བརྩེའི་གཅེས་སྐྱོང་འོག་ཏུ་འཚར་ལོངས་བྱུང་ལ་ཆུང་དུས་ནས་བཟུང་ཐོག་མའི་འགྲོ་འདུག་སྤྱོད་གསུམ་བསླབ། དེ་དུས་ང་ཚོ་ནི་གང་ཡང་མི་ཤེས་པའི་རྨོངས་བུ་ཞིག་ཏུ་སྣང་། ཨ་མས་གཙང་བཙོག་གང་ལའང་མི་འཛེམ་པར་ང་ཚོའི་ཁ་ལུད་དང་སྣ་ལུད། སྐྱག་གཅིན་སོགས་གཙང་མ་བཟོ་གིན་ཡོད།
མི་འགའ་ཞིག་གིས་འཇིག་རྟེན་ཐོག་དགེ་བའི་བཤེས་གཉེན་ནི་ང་ཚོ་འགྲོ་བ་མི་རིགས་ལ་ཕན་པ་ཆེ་ཤོས་ཀྱི་མི་སྣ་རེད་གསུངས་ཡོད། དགེ་རྒན་གྱིས་ང་ཚོའི་བློ་རྨོངས་ཀྱི་མུན་པ་སེལ་བ་ལས་ང་ཚོར་དང་ཐོག་མའི་འཇིག་རྟེན་མི་ཡི་བྱ་སྤྱོད་སློབ་མི་ཐུབ། ཡང་མི་འགའ་ཞིག་གིས་ཉི་མ་ནི་ང་ཚོའི་མིའི་ རིགས་ལ་ཕན་པ་ཆེ་ཤོས་རེད་ཅེས་ཀྱང་གསུངས་སྲོལ་ཡོད། ཉི་མས་ང་ཚོ་ས་གཞི་རི་མོའི་ཕྱི་སྣོད་ཀྱི་མུན་པ་སེལ་བ་ལས་ང་ཚོར་འགྲོ་བ་མི་ཡི་འགྲོ་འདུག་སྤྱོད་གསུམ་ནི་བསླབ་མི་ཐུབ། དེ་ཕྱིར་བདག་གིས་བསམ་པར་འཇིག་རྟེན་འདིར་གནས་པའི་སྐྱེ་འགྲོ་ཅི་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་ཨ་མ་ནི་རང་ཉིད་ལ་བྱམས་སྐྱོང་དང་བརྩེ་བ་ཆེ་ཤོས་གནང་མཁན་འདི་ཡིན། དེ་བས་ཨ་མ་ནི་ངའི་མི་ཚེའི་ལམ་བུའི་སྟེང་དུ་ཆེས་ཐོག་མའི་སློབ་དཔོན་དེ་རེད།
ད་ལྟའི་སྤྱི་ཚོགས་ནི་ཆེས་འགྲན་རྩོད་ཀྱི་སྤྱི་ཚོགས་ཞིག་ཡིན་པས་མི་ཚང་མ་རང་ཉིད་ཀྱི་འཚོ་གནས་ཆེད་དུ་གཞན་ཡུལ་དུ་ལས་གཉེར་དུ་ཕྱིན། ཡིན་ནའང་ཡུལ་གང་འདྲ་ཞིག་ལ་སླེབས་རུང་རི་ལས་མཐོ་ཞིང་མཚོ་ལས་ཟབ་པའི་ཨ་མའི་བཀའ་དྲིན་ནི་བརྗེད་ཐབས་མེད། དམངས་གཞས་ལས་ཁ་ཞིག་སྐོམ་པའི་དུས་ལ་ཆུ་ཞིག་བཏུངས་བས་ཕན་སོང་། ཨ་མ་དྲན་པའི་དུས་ལ་ག་རེ་བྱས་ཀྱང་མི་ཕན། ཞེས་གསུངས་ཡོད། ཕ་མ་འཚོ་བཞིན་པའི་སྐབས་སུ་ང་ཚོས་ཕ་མའི་བཀའ་ལ་བརྩི་སྲུང་དང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གུས་པ། དེ་བཞིན་ཁོང་ཁྲོ་དང་སེམས་ཁྲལ་སོགས་མི་སློང་བར་མི་གཤིས་བཟང་པོ་ཞིག་སྐྱེད་སྲིང་བྱ་དགོས་པ་དེ་ཡིན།
ཕ་མའི་མིག་དབང་གི་མཛེས་པ་དང་སེམས་ཁོངས་ཀྱི་གཏད་ས་ནི་རང་ཉིད་ཀྱི་བུ་ཕྲུག་ཁོ་ན་རེད། ཕ་མའི་བཀའ་དྲིན་ཚོར་བ་དང་བཀའ་དྲིན་དེ་འཇལ་བསམ་ན་ང་ཚོས་ཤེས་རིག་གི་ལྡུམ་རའི་ནང་དུ་བརྩོན་འགྲུས་ཀྱི་རྟ་ཕོར་ལྕགས་ཀྱིས་སྐུལ་ཏེ་རང་ཉིད་མི་ཚེར་དོན་སྙིང་ལྡན་པ་བྱ་རྒྱུ་དང་ཕ་མའི་རེ་བ་ཆུད་ཟོས་མི་གཏོང་བ་བྱ་རྒྱུ་རེད།
མཚམས་འདིར། རྒྱལ་སྤྱིའི་ཨ་མའི་དུས་ཆེན་ལ། བདག་གིས་སེམས་གཏིང་ནས་ཁྱེད་ལ་དུས་ཆེན་ལ་བཀྲིས་བདེ་ལེགས་ཞུ་བ་དང་སྦྲགས་མ་འོངས་པའི་ལོ་ཟླའི་ནང་ཁྱེད་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ། ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན། །
ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༡(༢)
ཟུར་ཁྲིད་དགེ་རྒན། འཕྲིན་རྒྱལ་མཚན