西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །མ་ཡི་བཀའ་དྲིན་མཚོ་ལྟར་ཟབ། ༄༅། །ཨ་མའི་བརྩེ་བ་ལས་འཕྲོས་པའི་དྲིན། ༄༅། །སྐྱིད་པའི་དབྱར་གསེང་། ༄༅། །ས་སྲོད་ཀྱི་འབྲོག་ཐང་།

放大 缩小 默认

༄༅། །མ་ཡི་བཀའ་དྲིན་མཚོ་ལྟར་ཟབ།

□ 作者 བཀྲ་ཤིས་མཚོ་མོ།

“ཤར་ཕྱོགས་རི་བོའི་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང་། །མི་ཡུལ་འཁྱམ་པོ་ང་ཡིས། །ཨ་མ་ཡིད་ལ་དྲན་བྱུང་། །ཉི་མ་ནུབ་ནས་ནུབ་སོང་། །ངང་པ་ཁྱིམ་དུ་ལོག་སོང་། །ངང་པས་ངང་ཕྲུག་ཁྲིད་དུས། །ང་ཡང་ཨ་མ་དྲན་བྱུང་། །”ཞེས་པའི་དམངས་གཞས་ལྟར་ཨ་མ་ཁྱེད་ཡོད་པའི་དྲིན་གྱིས་ངའི་འཚོ་བའི་ཁྲོད་དུ་དྲོད་འཁོལ་ཀྱི་འོད་ཅིག་བྱུང་ལ། ཚོན་ལྡན་གྱི་འཇའ་ཚོན་ཞིག་ཀྱང་ཤར་བྱུང་། “ཤམ་བྷ་ལ་ནས་འབབ་པའི། །གཙང་ཆབ་སྔོན་མོ་མཐོང་དུས། །དྲིན་ཆེན་ཨ་མའི་ངང་རྒྱུད། །ཆུ་ལས་རིང་བ་མཐོང་བྱུང་། །”ཞེས་པ་ལྟར་བདག་འཇིག་རྟེན་འདིར་ཐོག་མར་སླེབས་སྐབས་རྐང་པ་ཡོད་ཀྱང་བགྲོད་མི་ཤེས། མིག་གཉིས་ཡོད་ཀྱང་བཟུང་བྱ་མེད། རྣ་བ་ཡོད་ཀྱང་ཚིག་མི་གོ །ཡིན་ནའང་ངང་རྒྱུད་ཆུ་ལས་རིང་བའི་ཨ་མ་ཁྱེད་ཀྱིས་ངར་འཛེམས་བག་སྤུ་ཙམ་མེད་པར་ཟ་ལུགས་དང་། འགྲོ་ལུགས། སྡོད་ལུགས་སོགས་རེ་རེ་བཞིན་བསླབ་གནང་བ་རེད། དེར་བརྟེན། ངའི་མི་ཚེའི་ལམ་བུའི་ཁྲོད་ཁྱེད་ནི་བདག་གི་དགེ་རྒན་ཐོག་མ་དེ་ཡིན། “རྩྭ་ཐང་སྟེང་གི་ལུ་གུའི། །བལ་གཤིས་འཇམ་པ་མཐོང་དུས། །དྲིན་ཆེན་ཨ་མའི་གཤིས་ཀ །བལ་ལས་འཇམ་པ་མཐོང་བྱུང་། །”ཞེས་པ་ལྟར་ངས་ཕྱི་མིག་ཅིག་བལྟ་སྐབས། ང་རང་སྐྱེས་པ་ནས་ད་ལྟའི་བར་ཨ་མ་ལགས་ཁྱེད་རང་ལ་ཕར་གཤིས་ཀ་རྩུབ་པོ་དང་ཞལ་ལ་མི་ཉན་པ། ཁ་ལན་སློག་པ་སོགས་ཀྱི་ལས་མང་པོ་བྱེད་མྱོང་། ཡིན་ནའང་ང་རང་ལ་གཤིས་ཀ་བལ་ལས་འཇམ་པའི་ཨ་མ་ཞིག་ཡོད་པས་ཁོང་གིས་ངག་འཇམ་པོའི་སྒོ་ནས་ངར་མི་བཟང་པོ་ཞིག་བྱེད་སྟངས་བསླབ་གནང་བྱུང་བས། ཨ་མ་ཁྱེད་ངའི་སེམས་ནང་དུ་ཡལ་བ་མེད་པར་ཨ་མས་བསྐྱོན་པའི་བསླབ་བྱ་དག་ཚིག་རེ་རེ་བཞིན་ཡིད་ལ་དྲན་བཞིན་འདུག་ལ། ནམ་རྒྱུན་བསླབ་བྱ་དེ་དག་དྲན་ཐེངས་རེར་ལས་སྡུག་པ་དག་རྩ་བ་ནས་བྱེད་མི་འདོད། དེ་ལྟར་དུས་རྟག་ཏུ་ཨ་མའི་རང་གཤིས་འཇམ་པོ་དེ་དང་རྣ་བར་ཐོས་པའི་ཨ་མའི་སེམས་གཏིང་གི་བཀའ་སློབ་རེ་རེ་བཞིན་ང་རང་འགག་དང་འཕྲད་དུས་ནུས་པ་བླ་ན་མེད་པ་ཞིག་ཐོབ་ཀྱི་འདུག །

ད་ཆ་ཨ་མ་ཁྱེད་ནི་ངའི་མི་ཚེའི་ལམ་སྟོན་ཡིན་པ་སྨོས་མེད་རེད་ལ། ཁྱེད་ཀྱི་བུ་མོ་ང་ལ་བཅོལ་བའི་རེ་བའང་“ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ”ལྟ་བུར་མ་འགྱུར་བར་མངོན་འགྱུར་ཡོང་ཆེད་དུ་འབད་བརྩོན་བྱ་རྒྱུ་ཡིན་ལ། ཁྱེད་ཀྱིས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུར་བརྩི་བའི་བུ་མོ་ངས་ཁྱེད་ཀྱི་བཀའ་དྲིན་གསོ་མ་ཐུབ་ཀྱང་རེ་སྨོན་བཟང་པོ་ཆུ་ལ་མ་བསྐྱུར་བར་ད་ལྟའི་གོ་སྐབས་བཟང་པོ་འདི་དང་བསྟུན་ནས་སློབ་སྦྱོང་ལ་འབད་པ་ཆུ་མོའི་རྒྱུན་བཞིན་བསྲིངས་རྒྱུ་དང་། གནས་སྐབས་ཀྱི་བདེ་བར་མ་ཆགས་པར་ཕུགས་ཀྱི་བདེ་བའི་ཆེད་རང་གི་ནུས་པ་ཡོད་ཚད་འདོན་སྤེལ་བྱ་རྒྱུ་ཡིན།“ཨ་མ་དྲན་བཞིན་དྲན་བཞིན། །གདོང་པ་མཆི་མས་བརླན་སོང་། །དྲིན་ཆེན་བརྩེ་བའི་ཨ་མ། །སྐུ་གཟུགས་ཐུགས་བཅག་གནང་མཛོད། །”ཁྱེད་ཀྱི་སྐུ་ཚེ་གང་པོ་ང་ཚོ་བུ་ཕྲུག་ཚོའི་ཆེད་དུ་བློས་གཏོང་གནང་གིན་ཡོད་པས་བུ་མོ་ངས་བསམ་བཞིན་བསམ་བཞིན་དུ་དེ་བས་འབད་བརྩོན་བྱ་རྒྱུའི་ངར་སེམས་ཤིག་ངམ་ངམ་ཤུགས་ཤུགས་སུ་སྤྲོད་ཀྱིན་འདུག་གོ །

ལྷ་ས་མཐོ་འབྲིང་གཉིས་པའི་ལོ་རིམ༡(༡༤)

ཟུར་ཁྲིད་དགེ་རྒན། འཕྲིན་རྒྱལ་མཚན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明