དེ་ཡང་མཉམ་མེད་ཆོས་ཀྱི་རྗེ་བོ་ཙོང་ཁ་པའི་བདུད་རྩིའི་དབྱངས་ལས། ལན་གཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེན་ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་ལྟར། བཤེས་གཉེན་ཞེས་པའི་མཚན་ཉིད་དེ་བདག་གི་སྣང་ངོར་ལས་གནས་དཀྱུས་མ་ཙམ་ཞིག་མ་ཡིན་པར་དེ་ནི་དགུང་ཨ་སྔོན་དབྱིངས་ཀྱི་རྒྱུ་སྐར་རྒྱལ་པོ་བཞིན་དུ་མུན་ནག་དང་སྨག་རུམ་ཁྲོད་ནས་རང་ལུས་འབར་ཏེ་གཞན་ལ་འོད་སྣང་སྦྱིན་མཁན་གྱི་སྒྲོན་མེ་ཉག་ཅིག་དེ་རང་།
ཁོང་རྣམ་པས་རང་ཉིད་ཀྱི་སྙིང་ཉེ་ཤོས་ཀྱི་ཕ་མ་དང་བུ་ཕྲུག་སོགས་བློས་བཏང་ནས་ཁྲག་རུས་ཀྱི་འབྲེལ་བ་སྤུ་ཙམ་མེད་པའི་ང་ཚོའི་མ་འོངས་མི་ཚེའི་ཆེད་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གནང་བ་མིག་མདུན་དུ་འཆར་འོང་སྐབས་བདག་ཡིད་མུ་མེད་ལྷིང་འཇགས་ཀྱི་རྒྱ་མཚོའི་དབྱིངས་སུ་ཆར་རྗེས་དྲག་རླུང་འཚུབ་ནས་དྲན་སེམས་ལང་ལོང་གཡོ་བ་དང་འདྲ་བར་ལྷོད་པོར་གནས་ཐབས་ནི་བྲལ།
གལ་སྲིད་འཇིག་རྟེན་མི་ཡི་ཡུལ་ལ་བཤེས་གཉེན་བྱ་བའི་བཀའ་དྲིན་བླ་ན་འཕགས་པ་དེ་མེད་ན། མ་རིག་པའི་རྨོངས་པ་སུ་ཡིས་སེལ། ཅང་ཤེས་ཀྱི་རྟ་ཕོ་སུ་ཡིས་བསྐུལ། མིའི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་སུ་ཡིས་སྤེལ་བར་ནུས། ཁོང་རྣམ་པས་ཤེས་རབ་ཀྱི་རལ་གྲི་ལ་རྣོ་ངར་གཟེངས་ཏེ་སོམ་ཉི་དང་སྙིང་རྗེ་སྤུ་ཙམ་མེད་པར་རྨོངས་པ་དང་སྨག་རུམ་གྱི་ཕུང་པོ་བཅོམ་པར་བྱས་ནས་མགོ་ནག་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་དང་ཉི་འོད་ཀྱི་ལམ་ཆེན་དུ་འཁྲིད་པར་འདོད་པའི་སེམས་ཤུགས་དང་སྙིང་སྟོབས། བུམ་པ་གང་བྱོའི་ཚུལ་གྱིས་རང་ཉིད་ཀྱི་ཡོད་ཚད་གཞན་ལ་སྦྱིན་པར་འདོད་པའི་གངས་ཆུ་དྭངས་མོ་ལྟར་གྱི་ལྷག་བསམ་བཅས་ལ་ལུས་ཅན་སུ་ཡིན་ཡང་ཡི་རངས་དང་གོང་བཀུར་མི་བྱེད་སུ་ཞིག་ཡོད།
ཁྱེད་ཚོ་ནི་ནོར་འཛིན་སྒེག་མོའི་སྟེང་གི་རྨོངས་གཉིད་ཀྱི་ཚུལ་དུ་གནས་པའི་སྐྱེ་འགྲོ་ཀུན་མྱ་ངན་ཡུལ་ནས་སྐྱོབས་མཁན་གྱི་ལྷ་རྗེ་བཞིན་དུ་མངོན།
མདོར་ན་བརྒྱ་བཤད་སྟོང་ལ་སྐོར་ཡང་ཡོས་ལ་འབབ་རྒྱུ་རྩམ་པ་ཞེས་པའི་དཔེ་ལྟར། བདག་གི་སེམས་ནང་ཁྱེད་རྣམ་པ་ནི་མི་རིགས་ཤིག་གི་བླ་སྲོག་ལྟ་བུར་ལུས་པའི་སྐད་ཡིག་གི་སྐྱབས་འགྲོ་ལྟ་བུར་སྣང་ངོ་། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།