སྔོན་མི་ཚང་ཞིག་ལ་བུ་མོ་སྤུན་གསུམ་ཡོད་པ་དེ་རྣམས་ལ་འཚོ་རྟེན་དུ་མཛོ་མོ་ཞིག་ཡོད་པ་དེ་སྟོད་གསེར་དང་སྨད་དངུལ། མཇུག་མ་སྟོང་སྐུད། རྭ་ཅོ་དུང་། རྨིག་པ་ལྕགས། ལྕི་བ་བུ་རམ་གཏོང་བ་ཞིག་ཡིན། ཉིན་ཞིག་རྐུན་མས་མཛོ་མོ་དེ་བརྐུས་ནས་གར་སོང་མེད་པར་གྱུར་བས་བུ་མོ་རྒན་པ་འཚོལ་བར་ཕྱིན་པ་ན་ལུག་རྫི་ཞིག་འཕྲད། དེ་ལ་བུ་མོས་ངའི་མཛོ་མོ་སྟོད་གསེར། སྨད་དངུལ། རྭ་ཅོ་དུང་བྱས་པ་དེ་གཟིགས་བྱུང་ངམ་ཞེས་དྲིས་པར་ལུག་རྫིས་ངས་གང་ཡང་མཐོང་མ་བྱུང་། ཁྱོད་ཡར་ཙམ་ཕྱིན་ནས་རྨོ་བོ་དེ་ལ་སྐད་ཆ་དྲིས་དང་ཞེས་བཤད་པས་བུ་མོ་དེས་ཡར་ཙམ་ན་རྨོ་བོ་ཞིག་ཡོད་པ་དེའི་སར་ཕྱིན་ནས་རྨོ་བོ་ལ་དྲིས་པས་རྨོ་བོས་སྔོན་ལ་ཁྱོད་ཡར་ཤོག་ལ་གསོལ་ཇ་མཆོད་དང་ཞེས་བཤད་ནས་སྣེ་ལེན་གང་ལེགས་བྱས་པས་མོ་ཉིན་གང་དེར་ལུས་པ་མ་ཟད་དགོང་མོ་ཡང་དེར་ལུས། བུ་མོ་དགོང་མོའི་ལྟོ་ཟ་སྐབས་རྨོ་བོ་ལ་ཁྱི་ཕྲུག་ཞིག་ཡོད་པ་དེས། ཨེའོ། ཨེའོ། ཨེའོ་སྤགས་རྡོག་པ་གཅིག་སྟེར་དང་སྐད་ཆ་སྙན་པོ་ཞིག་བཤད་ཆོག ཨེའོ་ཨེའོ་ཨེའོ་ཚོད་མ་ཏོག་ཙམ་སྟེར་བ་གནང་དང་སྐད་ཆ་སྙན་པོ་ཞིག་བཤད་ཆོག་ཅེས་བཤད་པས་བུ་མོས་ཁྱི་ཕྲུག་དེར་རྡོག་རྒྱག་ཅིག་གཞུས་ནས་མ་སྦྱིན། དགོང་མོ་བུ་མོ་གཉིད་དུ་སོང་སྐབས་རྨོ་བོ་དེས་ཁྱི་ཕྲུག་ལ་ཁྱི་ཕྲུག ཁྱི་ཕྲུག་བུ་མོ་གཉིད་ཁུག་འདུག་གམ་ཞེས་དྲིས་པར་ཁྱི་ཕྲུག་གིས་གཉིད་ཁུག་འདུག་ཅེས་ལན་བརྒྱབ་པས་རྨོ་བོ་དེས་བུ་མོ་དེ་བསད་དོ། །
སང་ཉིན་དེར་བུ་མོ་འབྲིང་བ་དེས་འཚོལ་བར་ཕྱིན་པས་ཡང་ལུག་རྫི་དེ་འཕྲད། ལུག་རྫིར་ཁྱེད་ཀྱིས་ངའི་མཛོ་མོ་སྟོད་གསེར་དང་། སྨད་དངུལ། མཇུག་མ་སྟོང་སྐུད། རྭ་ཅོ་དུང་། རྨིག་པ་ལྕགས། ལྕི་བ་བུ་རམ་གཏོང་མཁན་ཞིག་མཐོང་མ་བྱུང་ངམ་ཞེས་དྲིས་པས་ལུག་རྫི་དེས་ངས་གང་ཡང་མཐོང་མ་བྱུང་ཡང་ཡར་ཙམ་ན་ཡོད་པའི་རྨོ་བོ་དེར་སྐད་ཆ་དྲིས་དང་ཞེས་བཤད་པས། རྨོ་བོ་དེའི་སར་ཕྱིན་ནས་ངའི་མཛོ་མོ་ཞིག་གཟིགས་བྱུང་ངམ་ཞེས་དྲིས་པར་རྨོ་བོས་སྔོན་ལ་ཡར་ཕེབས་ལ་གསོལ་ཇ་ཞིག་མཆོད་དང་ཟེར་ནས་སྣེ་ལེན་གང་ལེགས་བྱས་པས་མོ་ཡང་ཉིན་གང་དེར་ལུས། རྨོ་བོས་དགོང་མོའི་ལྟོ་ཆས་སྐྱེལ་བས་ཡང་ཁྱི་ཕྲུག་དེ་འོངས་ནས་ཨེའོ། ཨེའོ། ཨེའོ། སྤགས་ཏོག་ཙམ་སྟེར་དང་སྐད་ཆ་སྙན་པོ་བཤད་ཆོག ཨེའོ། ཨེའོ། ཨེའོ། ཚོད་མ་ཏོག་ཙམ་སྟེར་དང་སྐད་ཆ་སྙན་པོ་བཤད་ཆོག་ཟེར་བས་མོས་ཀྱང་རྡོག་རྒྱག་ཅིག་བཞུས་ནས་མ་སྦྱིན། དགོང་མོ་གཉིད་ཁུག་མཚམས་ཡང་རྨོ་བོས་ཁྱི་ཕྲུག ཁྱི་ཕྲུག་བུ་མོ་གཉིད་ཁུག་འདུག་གམ་ཟེར་བས་ཁྱི་ཕྲུག་གིས་བུ་མོ་གཉིད་ཁུག་འདུག་ལབ་པས་རྨོ་བོས་ཡང་བུ་མོ་དེ་བསད་དོ། །
ཡང་སང་ཉིན་དེར་བུ་མོ་ཆུང་བ་དེས་འཚོལ་བར་ཕྱིན་པས་ཡང་ལུག་རྫི་དེ་འཕྲད། བུ་མོས་ཨ་ཕོ་ལུག་རྫི་ལགས། ཁྱེད་ཀྱིས་ངའི་མཛོ་མོ་སྟོད་གསེར། སྨད་དངུལ། མཇུག་མ་སྟོང་སྐུད། རྭ་ཅོ་དུང་། རྨིག་པ་ལྕགས། ལྕི་བ་བུ་རམ་གཏོང་མཁན་ཞིག་དང་ཨ་ཅག་གཉིས་གཟིགས་མ་བྱུང་ངམ་ཞེས་དྲིས་པས་ལུག་རྫིས་ངས་གང་ཡང་མཐོང་མ་བྱུང་། ཁྱོད་ཡར་ཙམ་ན་ཡོད་པའི་རྨོ་བོ་དེར་དྲིས་དང་ཟེར་བས་བུ་མོས་རྨོ་བོའི་སྒོ་འགྲམ་དུ་ཕྱིན་ནས་རྨོ་བོ་ལགས་ཁྱེད་ཀྱིས་ངའི་མཛོ་མོ་ཞིག་དང་ཨ་ཅག་གཉིས་གཟིགས་མ་བྱུང་ངམ་ཞེས་དྲིས། རྨོ་བོ་དེས་སྔར་བཞིན་སྔོན་ལ་ཁྱོད་ཡར་ལ་ཕེབས་ལ་གསོལ་ཇ་མཆོད་དང་ཟེར་ནས་སྣེ་ལེན་གང་ལེགས་བྱས་པས་བུ་མོ་དེ་ཡང་ཉིན་གང་ལུས། རྨོ་བོས་དགོང་མོའི་ལྟོ་ཆས་སྐྱེལ་བར་ཡོང་ནས་དོ་དགོང་འདི་གར་ཞུགས་ཞེས་ཟེར་བས་བུ་མོ་ནི་རྨོ་བོ་ལགས་འདི་དངོས་གནས་ཡག་པོ་ཞིག་འདུག་བསམ་པ་ལས་གཞན་གང་ཡང་མ་དྲན། བུ་མོ་ལྟོ་ཟ་བཞིན་པའི་སྐབས་ཁྱི་ཕྲུག་དེ་འོངས་ནས་ཨེའོ། ཨེའོ། ཨེའོ་སྤགས་ཏོག་ཙམ་སྟེར་དང་སྐད་ཆ་སྙན་པོ་བཤད་ཆོག ཨེའོ། ཨེའོ། ཨེའོ་ཚོད་མ་ཏོག་ཙམ་སྟེར་དང་སྐད་ཆ་སྙན་པོ་ཞིག་བཤད་ཆོག་ལབ་པས་བུ་མོ་དེས་ཁྱི་ཕྲུག་ལ་སྤགས་དང་ཚོད་མ་ཚིམ་པ་ཞིག་སྟེར། དེ་ནས་ཁྱི་ཕྲུག་གིས་ཁྱོད་དོ་དགོང་འདི་རུ་སྡོད་རྒྱུ་མེད། རྨོ་བོ་དེ་བདུད་མོ་ཡིན་ལ་ཁྱོད་ཀྱི་མཛོ་མོ་དང་ཨ་ཅག་གཉིས་ཀྱང་རྨོ་བོ་འདིས་བསད་སོང་། ཁྱེད་རང་དོ་དགོང་འདིར་བསྡད་ན་གསོད་ངེས་ཡིན་པས་དགོང་མོ་ངས་བུ་མོ་གཉིད་ཁུག་མི་འདུག་ཟེར་དུས་ཁྱེད་མགྱོགས་ཙམ་བྲོས་ཤིག བདུད་མོ་དེས་རྗེས་དེད་ངེས་ཡིན་པས་རྗེས་ཟིན་གྲབས་ཡོད་དུས་ཁྱེད་ཀྱིས་བླ་མ་དཀོན་མཆོག་མཁྱེན། ལྕགས་ཐག་གཡུག་པ་གནང་དང་། མེ་ཐག་གཡུག་པ་མ་གནང་། ང་བདུད་མོས་ཟ་གྲབས་བྱེད་ཀྱིས་ཞེས་བཤད་ན་གནམ་ནས་ལྕགས་ཐག་གཡུག་གི་རེད། དེ་དུས་ཁྱེད་ཀྱིས་ལྕགས་ཐག་ལ་འཁྱུད་ནས་ཕྱིན་ན་ཐར་གྱི་རེད་ཅེས་བཤད་པས་བུ་མོ་དེ་ཞེད་སྣང་དང་དངངས་སྐྲག་གིས་ལྟོ་ཡང་ཟ་མ་ནུས་པར་བྲོས་རྒྱུ་སྒུག་ནས་བསྡད། སྲོད་ཡོལ་ཙམ་ལ་རྨོ་བོ་དེས་བུ་མོ་གཉིད་ཁུག་འདུག་གམ་ཞེས་ཁྱི་ཕྲུག་ལ་དྲིས་པས་ཁྱི་ཕྲུག་གིས་ད་ལྟ་གཉིད་ཁུག་མི་འདུག་ཟེར་བས་བུ་མོ་དེ་མགྱོགས་པར་བྲོས། རྨོ་བོས་ཁྱི་ཕྲུག་ལ་སྐད་ཆ་ཐེངས་གསུམ་དྲིས་ཀྱང་ཁྱི་ཕྲུག་གིས་གཉིད་ཁུག་མི་འདུག་རང་ལབ་པས་རྨོ་བོ་ཡིད་མ་ཆེས་དེ་ལྟ་བར་འོངས་པས་བུ་མོ་མེད་སྟབས་ལམ་སང་རྗེས་དེད་བཏང་། བུ་མོའི་རྗེས་ཟིན་གྲབས་བྱེད་དུས་བུ་མོས་བླ་མ་དཀོན་མཆོག་མཁྱེན། ལྕགས་ཐག་གཡུག་པ་གནང་དང་། མེ་ཐག་གཡུག་པ་མ་གནང་། ང་བདུད་མོས་ཟ་གྲབས་བྱེད་ཀྱིས་ཞེས་བཤད་པས་ནམ་མཁའ་ནས་ལྕགས་ཐག་ཞིག་གཡུགས་བྱུང་བ་ལ་འཁྱུད་ནས་ཕྱིན་པས་བདུད་མོ་དེས་ཀྱང་བུ་མོས་བཤད་པ་བཞིན་བཤད་པས་ནམ་མཁའ་ནས་མེ་ཐག་ཞིག་གཡུགས། བདུད་མོས་མེ་ཐག་ལ་འཁྱུད་པས་ཤ་རུས་ཚང་མ་ཚིག་སྟེ་ཤིའོ། །