རྒྱུན་དུ་རང་ཉིད་ལ་དཀའ་ངལ་འཕྲད་པ་དང་ཡང་ན་སེམས་ཁམས་མི་སྐྱིད་པའི་དུས་སུ། རང་གི་ཕུགས་བསམ་དེ་དྲན་དུས་དེས་ང་ལ་སྟོབས་ཤུགས་དང་ཡར་རྒྱས་འགྲོ་བའི་སྤོབས་པ་སྩོལ། སློབ་སྦྱོང་གི་དགའ་ཞེན་ཆེ་རུ་འགྲོ་བ་དང་ཕུགས་བསམ་དེ་ངེས་པར་གྲུབ་ཐུབ་པ་བྱ་རྒྱུའི་འདུན་པ་ཡང་ཇེ་ཆེ་ནས་ཇེ་ཆེར་རྒྱས།
ཕུགས་བསམ་ལྡན་པས་རིམ་བཞིན་ཡར་ལོང་བའི་དུས་ཚོད་ལ་སླེབས་མ་ཐག་ཆུ་ཚོད་ཀྱི་སྐར་མདའི་སྒྲ་དང་ཉལ་ཁང་བུ་མོ་ཚོའི་དབུགས་གཏོང་བའི་སྒྲ་ཡང་གསལ་ལྷང་ངེར་གོ་ཐུབ་ཅིང་རང་བཞིན་གྱིས་གཉིད་ལས་སད་ཡོང་གི་འདུག །ཞོགས་པ་སྔ་པོ་ནས་ཉལ་ཁང་གི་བར་འཁྱམས་སུ་དཔེ་ཀློག་གི་སྐད་སྒྲས་ཁེངས་ཤིང་། ཆུ་ཚོད་ཀྱི་ཏིར་སྒྲ་མ་གྲགས་གོང་ནས་གཡས་གཡོན་གྱི་དཔེ་ཀློག་སྒྲས་སློབ་མ་མང་ཆེ་བ་གཉིད་ལས་དཀྲོག་གི་ཡོད། གལ་ཏེ་ད་དུང་ཉལ་མཁན་ཡོད་ཚེ་ཕན་ཚུན་གཉིད་ལས་བསླངས་ཏེ་དཔེ་དེབ་ལྟ་བས། ཁོར་ཡུག་ཀུན་དྲོ་སྐྱིད་དང་དཔེ་ཀློག་གི་རྣམ་པས་ཕྱུག་པར་འགྱུར། གལ་ཏེ་ཁྱེད་ཀྱིས་སློབ་མ་ཚོས་དཔེ་ཀློག་ལ་ནུས་ཤུགས་ཡོད་རྒུ་སྤྱད་དྲགས་ནས་གདོང་པ་ཡང་དམར་ལམ་ལམ་དུ་གྱུར་པའི་རྣམ་པ་དེ་དག་མཐོང་ཚེ། གཅིག་ནས་གད་མོ་འཆོར་སྲིད་པ་དང་གཉིས་ནས་སློབ་སྦྱོང་བྱེད་པའི་སེམས་ཤུགས་ལྡབ་འགྱུར་གྱིས་འཕེལ་ཡོང་ངེས་ཡིན། དཔེ་ཀློག་གི་སྒྲ་དབྱངས་སྙན་མོའི་རམ་དཀྲོལ་འོག་རང་ཉིད་ཀྱི་དཔེ་ཀློག་ འདུན་པ་ཇེ་ཆེར་འཕེལ་བ་དང་། ངལ་དུབ་ཀྱི་སྣང་བ་ཡང་འཇའ་ཚོན་བཞིན་ག་ལེར་ཡལ་ངེས་རེད། སློབ་མ་ཚོས་རང་གི་ཕུགས་བསམ་སླད་དུ་དཀའ་སྤྱད་སྙིང་རུས་བྱེད་པའི་ངང་ཚུལ་ནི་མི་སེམས་འགུལ་ཞིང་སེམས་ཤུགས་སྟེར་ནུས་པ་ཞིག་སྟེ། དེ་ཡང་ཇི་སྐད་དུ། ནར་སོན་པའི་ཁྱེད་ཀྱིས་གཏན་འཁེལ་ཆུང་དུས་སུ་འབད་བརྩོན་བྱེད་མྱོང་བའི་ཁྱོད་ལ་ཐུགས་རྗེ་ཆེ་ཞུ་ངེས་རེད་ཅེས་པ་བཞིན། སློབ་སྦྱོང་ལ་འབད་པའི་གོམས་སྲོལ་བཟང་པོ་འདི་རྒྱུན་འཛིན་ཐུབ་ན་རང་ཉིད་ཀྱི་སྔར་སོང་ལ་འགྱོད་པ་ཏིལ་འབྲུ་ཙམ་ཡང་ཡོང་མི་སྲིད་དོ། །
སློབ་འབྲིང་གི་སློབ་ཐོན་ཡིག་རྒྱུགས་ཐུག་ལ་ཉེ་བས། དགེ་སློབ་ཚང་མ་དངངས་འཚབ་ལང་སྒང་ཡིན། སློབ་ཚན་སྐབས་སུ་དགེ་རྒན་གྱིས་ང་ཚོར་རྒྱུན་དུ་སློབ་གསོ་དང་སྐུལ་ལྕག་མཛད་ཀྱི་ཡོད་པས། རང་ཉིད་ཀྱི་ཕུགས་བསམ་ཡང་སྔར་བས་ཁ་གསལ་བ་དང་ཕུགས་བརྟན་པར་འགྱུར། ངས་ངེས་པར་དུ་ ཕུགས་བསམ་དེ་མངོན་འགྱུར་ཡོང་བ་བྱེད་དགོས་སྙམ་པ་དང་། གཞན་གྱི་མདུན་དུ་ལངས་ཏེ་སྐད་ཆ་ཤོད་སྐབས་ཀྱང་ང་ལ་ཕུགས་བསམ་གྱི་དཔུང་རོགས་ཡོད་པས་སྙིང་སྟོབས་དྲག་ཏུ་འཕྱུར། ལས་ཀ་ཆེ་ཆུང་གང་ཞིག་དང་ཐུག་ན་ཡང་ཕུགས་བསམ་གྱིས་ང་རང་མདུན་ནས་འཐེན་ཞིང་། ལྷག་པར་སློབ་སྦྱོང་བྱེད་པའི་སྙིང་སྟོབས་སྩོལ།
ཡིན་ཡང་སློབ་མ་འགའ་ཤས་ཀྱིས་དགེ་རྒན་གྱིས་ཡིག་རྒྱུགས་ཐུག་ལ་ཉེ་བས་སློབ་སྦྱོང་བྱོས་ཞེས་ཇི་ཙམ་གསུངས་རུང་སྣང་འཇོག་བྱེད་ཀྱི་མེད། དགེ་རྒན་གྱིས་སློབ་མ་ཚོའི་མདུན་ལམ་དོན་དུ་དངངས་འཚབ་ཆེན་པོས་སྐུལ་འདེད་བྱེད་ན་ཡང་། སློབ་མ་ཚོས་རང་སྒེར་གྱི་མདུན་ལམ་ལ་ཡང་བསམ་ཤེས་མི་ཐུབ་པ་ནི་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་རེད་ཨང་། དེ་ལས་སློབ་མ་དེ་དག་ལ་ རང་གི་དམིགས་ཡུལ་དང་ཕུགས་འདུན་གང་ཡང་མེད་པ་རྟོགས་ཐུབ།
རང་གི་ཕུགས་བསམ་སླད་དུ་འབད་བརྩོན་ལྷོད་མེད་བྱས་པ་ལས་ང་ལ་སྔར་དང་མི་འདྲ་བའི་ མྱོང་ཚོར་ཞིག་བྱུང་བ་ནི། འཚོ་བའི་འདུ་འཛི་ལ་རྟག་པ་མེད་པས་ངེས་པར་ཁྱད་གསོད་བྱེད་ཤེས་པ་ དགོས་པ་དེ་ཡིན། གལ་ཏེ་ལེགས་ཉེས་བླང་དོར་གྱི་གནས་ལ་མགོ་བོ་རྨོངས་པར་གྱུར་ན་རང་ལ་ནམ་ ཡང་བདེ་སྐྱིད་ངོ་མ་དེ་འཐོབ་མི་སྲིད། དེར་བརྟེན། ཕུགས་བསམ་གྱིས་བདག་ལ་གཞན་དང་མི་འདྲ་ བའི་དོན་སྙིང་དང་བདེ་སྐྱིད་སྦྱིན་བྱུང་། ངས་འདི་ནས་རང་གི་ཕུགས་བསམ་ལ་ཐུགས་རྗེ་ཆེ་ཞེས་ཞུ་ བར་འདོད། །
བོད་ལྗོངས་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།