西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སློབ་དཔོན་གྱི་དུས་ཆེན་ལ་བསུ་བ་ཞུ། ༄༅། །ཕུགས་བསམ་གྱི་སྤྲོ་བ། ༄༅། །སློབ་གྲྭ།

放大 缩小 默认

༄༅། །སློབ་དཔོན་གྱི་དུས་ཆེན་ལ་བསུ་བ་ཞུ།

□ 作者 བློ་བཟང་རྡོ་རྗེ།

དུས་ཀྱི་ཆུ་མོ་ཡི་གཞུང་ན་འཛུམ་མདངས་ཀྱི་རླབས་དཀར་གཡོ་བའི་བདག་གི་སློབ་དཔོན་རྣམས་ཀྱི་དུས་ཆེན་ལ་དགའ་བའི་བསུ་བ་ཞུའོ། །

ལོ་རེའི་ཟླ་དགུ་པའི་ཚེས་བཅུ་ཡི་ཉིན་མོ་འདི་ནི་ནི་འདས་པའི་ལོ་ཟླ་ལ་དགའ་བའི་དགོད་སྒྲ་དང་། དཀའ་བའི་ཆུ་ཐིགས། དུང་བའི་མཚོ་མོ། བརྩེ་བའི་འོད་དཀར་བཅས་འཛོམས་པའི་ས་ཆེན་གོ་ལའི་སྨག་རུམ་མུན་པ་སེལ་མཁན་གྱི་སྐྱེ་མཆོག་དམ་པ་དགེ་བའི་བཤེས་གཉེན་རྣམས་ཀྱི་དུས་ཆེན་གལ་ཆེན་ཞིག་ཡིན། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་པ་ལྟར་དགེ་བའི་བཤེས་གཉེན་ནི་གོ་ལ་འདི་ཡི་ཐོག་ན་ཕ་མ་གཉིས་པ་དེ་ཡིན། གོ་ས་གང་ཡང་མེད་པར་ཚེ་གང་མི་གཞན་གྱི་ཆེད་དུ་རང་སྲོག་བརླག་པར་བྱེད་པའི་སྒྲོན་མེ་ལྟ་བུ་ཞིག་ཀྱང་ཡིན། འཛམ་བུ་གླིང་འདིར་ལས་གནས་འདྲ་མིན་ཁྲི་དང་འབུམ་ཡོད་ཅིང་གོ་ས་མཐོ་བ་བྱ་རྒྱལ་རྒོད་པོའི་གཤོག་རྩལ་མནན་པ་ཡོད་ལ་དམའ་བ་སྤང་ཁུག་གི་རྩྭ་ཉག་མ་ལྟ་བུ་ཡང་ཡོད། འོན་ཀྱང་རང་ཉིད་ཀྱི་ངོས་ནས་བཤད་ན་དགེ་རྒན་གྱི་ལས་གནས་ནི་གོ་ས་དབང་ཆ་གང་ཡང་མེད་པའི་ལས་དཀའ་བ་ཅན་ཞིག་ཡིན་ཡང་འཇིག་རྟེན་འདི་ན་སྒོ་ངའི་ནང་གི་གསེར་ཐིག མིག་ནང་གི་འབྲས་བུ། ཁོག་པའི་ནང་གི་སྙིང་ཐིག་ལྟ་བུ་ངོམས་སུ་ཆོག་པ་དང་མཆོག་ཏུ་གྱུར་བའི་ལས་གནས་ནི་དགེ་བའི་བཤེས་གཉེན་ལས་གཞན་གང་ཡང་མེད། སྐྱེ་བོ་མདོ་མེད་ལ་ལས་རང་ཉིད་ལས་གནས་ཅུང་བཟང་བ་ཞིག་ཏུ་ལོན་ཚེ་དགེ་རྒན་གྱི་ལས་གནས་ལ་འཕྱ་སྨོད་དང་མཐོང་ཆུང་བྱེད་པ་ནི་རང་གིས་རང་ལ་དམའ་འབེབས་བྱེད་པ་དང་གཅིག་མཚུངས་མིན་ནམ། ས་རྒོད་ཀྱི་གེ་སར་ལ་ཉི་མ་ཡི་འོད་དང་སྤྲིན་བཅུད་ཀྱི་རམ་འདེགས་མེད་པར་སྔོ་ལྗང་གི་ལོ་འདབ་རྒྱས་ག་ལ་ཐུབ། དེ་མཚུངས་ཁྲ་ཁྲ་ཡི་འཇིག་རྟེན་འདི་ཡི་ཐོག་ལས་གནས་མཐོ་བ་ཅི་འདྲ་ཞིག་ཡིན་ནའང་མཐར་གཏུགས་ན་དགེ་བའི་བཤེས་གཉེན་རྣམས་ཀྱི་རྔུལ་ཆུ་ལས་ཐོན་པའི་ལྗང་ལོ་ཡིན། དབུ་འཕང་ཇི་ཙམ་མཐོ་ན་ཡང་ཁྱེད་ཀྱི་ལོ་ཟླ་ཡི་རི་མོའི་ཟུངས་ཁྲག་ནང་ནམ་ཡང་རྒན་ལགས་རྣམ་པའི་དོར་དུ་མེད་པའི་དཀའ་བ་ཡི་གསེར་གྱི་རྔུལ་ཆུ་དེ་ཐིམས་ཡོད། དེར་བརྟེན་མ་འོངས་པར་ང་ཚོ་སུ་ཡིན་ཡང་རང་ཉིད་གྱོང་པོ་དང་འཇོན་པོ་ཅི་ཙམ་ཆགས་རུང་སྣང་བ་མཐོན་པོ་རང་ཉིད་མ་གཏོགས་མེད་སྙམ་པའི་དྲི་ངན་མ་སློང་། མདོར་ན་བཀྲ་ཤིས་པའི་བྱ་བ་ཡོད་ཚད་དུས་ཀྱི་བར་ན་ཡོད་པའི་ང་ཚོ་ཡི་མགོན་སྐྱབས་བཤེས་གཉེན་རྣམ་པའི་བཀའ་དྲིན་ཡིན།

བཤེས་གཉེན་ལགས། སྐུ་ཉིད་ནི་ལྷད་མེད་ཀྱི་གཤིས་བཟང་ལྡན་པའི་མཛེས་སྡུག་གི་གངས་ལྷ་མེ་ཏོག་ཡིན། སྐུ་ཉིད་ནི་ཞུམ་མེད་ཀྱི་སྙིང་སྟོབས་ལྡན་པའི་ས་མཐོའི་འབྲོང་རྒོད་ཅིག་ཡིན་ལ་མི་འགྱུར་གཏན་དུ་གནས་པའི་བྱང་གི་སྐར་མ་ཨ་བརྟན་ཡིན། ཉིན་བཟང་སྐར་བཟང་འདི་ལ་རྒན་ལགས་རྣམས་སྐུ་གཟུགས་པད་མའི་སྡོང་པོར་སད་སེར་གྱི་གནོད་པ་མེད་པར་མ་འོངས་མཛད་འཕྲིན་ཡར་འཕེལ་དང་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུའོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明