སྔོན་རྒྱུ་སྟོབས་ཆེ་བའི་བློན་ཆེན་ཞིག་གྲོངས་ནས་དེའི་ཤུལ་བཞག་རྒྱུ་ནོར་རྣམས་རང་གི་བུ་གཉིས་ལ་ཉེ་རིང་མེད་པར་བགོ་བཤའ་རྒྱག་རྒྱུའི་ཁ་ཆེམས་བཞག
རྒྱུ་ནོར་ཡོངས་རྫོགས་བགོ་བཤའ་བརྒྱབ་ཚར་རྗེས། བུ་སྤུན་གཉིས་མི་འཆམ་པར་ཁ་རྩོད་ཤོར་ཞིང་། གཅེན་པོས་བལྟས་ན་གཅུང་པོར་རྒྱུ་དངོས་མང་བ་ཐོབ་ཡོད་པ་དང་། གཅུང་པོས་བལྟས་ན་གཅེན་པོར་རྒྱུ་དངོས་མང་བ་ཐོབ་ཡོད་ལུགས་ཤོད་བཞིན་འཁྲུག་རྩོད་ཀྱིས་ས་འཁོལ་ནས་འདུམ་ཐབས་མ་བྱུང་སྟབས། མཉམ་དུ་ས་གནས་དཔོན་གྱི་སར་ཞུ་གཏུག་རྒྱག་པར་ཕྱིན།
ས་གནས་དཔོན་གྱིས་ཀྱང་འདུམ་འགྲིག་མ་ཐུབ་པར་གོང་མ་ཆེན་མོར་སྙན་སེང་ཞུས་པས། གོང་མས་བློན་ཆེན་ཞིག་མངཌ་ཏེ་གྱོད་གཞི་དེ་ཐག་གཅོད་བྱ་དགོས་པའི་བཀའ་ཕབ། བློན་ཆེན་དེས་གོང་མའི་བཀའ་ལྟར་གཅེན་གཅུང་གཉིས་རང་གི་གམ་དུ་བསྐོངས་རྗེས། བློན་ཆེན་གྱིས། ཁྱོད་གཉིས་ཀྱིས་ཞུ་གཏུག་བྱེད་པའི་དོན་དེ་བདེན་དོན་ཁུངས་བཙན་ཡིན་ནམ་ཞེས་སྐད་ཆ་དྲིས་པར། གཉིས་ཀས་མ་གྲོས་གཅིག་མཐུན་ངང་། བདེན་པ་ཡིན། བདེན་པ་ཡིན་ཞེས་བཤད། དེས་ན་བློན་ཆེན་གྱིས། ད་བྱས་ན་འགྲིག་ཅེས་བརྗོད་བཞིན་དུ་ཁོ་གཉིས་ལ་དཔང་ཡིག་སྟེང་མཆན་བཀོད་བྱེད་དུ་བཅུག་ཅིང་། གཅེན་པོས་གཅུང་པོར་བགོས་པ་མང་བ་འདུག་ཟེར་བས་དེ་དག་གཅེན་པོར་བདག་དགོས་པ་དང་། གཅུང་པོས་གཅེན་པོར་བགོས་པ་མང་འདུག་ཟེར་བས་དེ་དག་གཅུང་པོར་བདག་པར་གྱིས། མ་ཟད་ཉིན་དེ་རང་དུ་བརྗེ་པོ་ལག་སྤྲོད་བྱ་དགོས་པའི་ཐག་གཅོད་བྱས་པས། གཅེན་གཅུང་གཉིས་མིག་ཅེ་རེར་མགོ་འཐོམས་ནས་སྡོད་པ་ལས་ཁ་ལྐུགས་པར་གྱུར་བ་བཞིན་ཚིག་གཅིག་ཀྱང་ཤོད་ཐབས་བྲལ་བར་གྱུར་རོ། །