བོད་སྐྱོར་ཐེངས་གཉིས་བྱས་པས་མཱ་ཏན་གྱི་མི་ཚེའི་མྱོང་བ་ཕུན་སུམ་ཚོགས་སུ་ཕྱིན་ལ། བོད་དང་གངས་ལྗོངས་ས་མཐོར་བརྩེ་སེམས་ལྷག་པར་འཕེལ།
2016ལོར་མཱ་ཏན་གྱིས་རང་འགུལ་ངང་ཧུའུ་པེ་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཁག་དང་པོར་ཞུགས་པའི་མིང་ཐོ་བཀོད་དེ། ལྷོ་ཁ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོར་སླེབས་ནས་སྡེ་ཨུད་ཀྱི་ཧྲུའུ་ཅི་དང་རོལ་དབྱངས་དགེ་རྒན་བྱས་ཤིང་། 2019ལོར་ཡང་ཁོང་གིས་རང་འགུལ་ངང་ཧུའུ་པེ་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཁག་གཉིས་པར་ཞུགས་པའི་མིང་ཐོ་བཀོད་དེ། ལྷོ་ཁར་ཐེངས་གཉིས་པ་ཡོང་སྟེ། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་དང་ལྷོ་ཁ་གྲོང་ཁྱེར་ཏུང་ཧུད་སློབ་འབྲིང་གི་རོལ་དབྱངས་དགེ་རྒན་བྱས།
བོད་ལ་མ་ཡོང་གོང་། མཱ་ཏན་ནི་ཝུའུ་ཧན་གྲོང་ཁྱེར་ཡུལ་སྐོར་སློབ་གྲྭའི་རོལ་དབྱངས་དགེ་རྒན་ཞིག་རེད། “རང་ཉིད་ཕྲུ་གུ་ཚོ་དང་མཉམ་དུ་སྡོད་པར་དགའ་ལ། ལྷག་པར་དུ་ཕྲུ་གུ་ཚོས་གཞས་དང་ཞབས་བྲོ་སྦྱངས་ནས་གླུ་ལེན་གར་འཁྲབ་བྱེད་པ་མཐོང་དུས། ངའི་སློབ་ཁྲིད་ཀྱི་སྤྲོ་སྣང་ལྷག་པར་འཕེལ་གྱི་འདུག”ཅེས་མཱ་ཏན་གྱིས་བཤད།
མཱ་ཏན་གྱི་སྣེ་ཁྲིད་ལ་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ་སྒྱུ་རྩལ་རྒྱུགས་འཕྲོད་ཀྱི་ལམ་ལ་ཞུགས་འགོ་ཚུགས། མཱ་ཏན་གྱིས་བཙུགས་པའི་ཚོགས་པར་ཞུགས་པའི་ནོར་བུ་དབང་འདུས་དང་བསྟན་འཛིན་ཞབས་བྲོར་དགའ་པོ་ཆགས་ནས་མཐར་སྒྱུ་རྩལ་རྒྱུགས་སྤྲོད་བདེ་བླག་བྱུང་སྟེ་སློབ་ཆེན་འགྲིམ་པའི་ཕུགས་འདུན་གྲུབ་ཡོད།
“རྒན་མཱ་ལགས་ཀྱིས་བར་གསེང་གི་དུས་ཚོད་སྤྱད་དེ་ང་ཚོར་རྨང་གཞིའི་ཞབས་བྲོ་སྦྱོང་དུ་འཇུག་གི་ཡོད”ཅེས་ནོར་བུ་དབང་འདུས་ཀྱིས་བཤད་པ་དང་། ཁོང་གིས“རྒན་མཱ་ལགས་ཀྱིས་སྟངས་སྟབས་རེ་རེ་བཞིན་ཞིབ་ཚགས་ལ་དོ་ནན་གྱིས་བསླབས་གནང་གི་ཡོད”ཅེས་བཤད།
སློབ་གྲྭར་ཆེད་སྦྱོང་ཞབས་བྲོ་ཁང་མེད་པས། མཱ་ཏན་གྱིས་རྟག་ཏུ་ནོར་བུ་དབང་འདུས་དང་བསྟན་འཛིན་སློབ་གྲྭའི་ཨར་འདམ་ལམ་དུ་སྦྱོང་བར་ཁྲིད་ཅིང་། ཉིན་ལྟར་ཞོགས་པ་སྐྱ་བཏང་ཙམ་ལ་མཱ་ཏན་གྱིས་ཁོང་གཉིས་ཞབས་བྲོ་སྦྱོང་བར་ཁྲིད་པ་དང་། ཉིན་དགུང་གི་ངལ་གསོའི་སྐབས་དང་། མཚན་མོའི་རང་སྦྱོང་ཚར་ནས་མ་ཉལ་བར་དུ་ཁོང་ཚོས་ཞབས་བྲོ་སྦྱོང་བ་རྟག་ཏུ་མཐོང་རྒྱུ་ཡོད་ལ། གཟའ་མཇུག་གི་སྐབས་སུའང་སྦྱོང་བརྡར་བྱེད་པ་ནི་རྒྱུན་གཏན་ཞིག་རེད།
“མཐོ་རྒྱུགས་དཀྱུས་མར་ཞུགས་ཚེ་ང་ཏན་ཏན་རྒྱུགས་འཕྲོད་ཀྱི་མ་རེད”ཅེས་དགེ་རྒན་མཱ་ཏན་སྐོར་གླེང་སྐབས་ནོར་བུ་དབང་འདུས་ཀྱིས་དྲིན་གཟོའི་སེམས་པ་འཆང་བཞིན་དུ་བཤད་པ་དང་། ཁོང་གིས“དགེ་རྒན་མཱ་ལགས་ཀྱིས་ངའི་ལས་དབང་བསྒྱུར་སོང་། ཕྱིས་འབྱུང་སློབ་ཆེན་ཐོན་རྗེས་ང་ཡང་དགེ་རྒན་མཱ་ལགས་དང་འདྲ་བའི་དགེ་རྒན་ཞིག་བྱས་ཏེ་ཕྲུ་གུ་སྔར་ལས་མང་བའི་སློབ་ཆེན་གྱི་ཕུགས་འདུན་འགྲུབ་པ་དང་མི་ཚེའི་ལས་དབང་ལ་འགྱུར་ལྡོག་གཏོང་རོགས་བྱེད་ཀྱི་ཡིན”ཞེས་བཤད།
བོད་སྐྱོར་ལོ་དྲུག་རིང་། མཱ་ཏན་གྱིས་ལང་ཚོ་ཆུད་ཟོས་སུ་མ་བཏང་བས་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། ལོ་དྲུག་རིང་། ཁོང་ཧུའུ་པེ་ཞིང་ཆེན་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར”དང་། རང་སྐྱོང་ལྗོངས་ཀྱི“བོད་སྐྱོར་དགེ་རྒན་ཡག་ཤོས” “བོད་སྐྱོར་གདོང་ལེན་པ”“རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན” “རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ” “ལྗོངས་ཡོངས་ཀྱི་སློབ་གསོའི་བོད་སྐྱོར་གྱི་ཕུལ་བྱུང་ཤེས་ལྡན་པ”བཅས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད།
བོད་སྐྱོར་རིང་། མཱ་ཏན་གྱིས་དཀའ་ངལ་ཡོད་པའི་སློབ་མ་6ལ་རོགས་སྐྱོར་བྱས་ཤིང་། དཀའ་ངལ་ཡོད་པའི་སློབ་མ་6གི་སྦྱངས་འབྲས་ཉིན་རེ་བཞིན་ཡག་ཏུ་འགྲོ་བ་དང་། ལྷག་པར་དུ་ཕྲུ་གུ་རྣམས་ཀྱི་ཡིད་ཆེས་དང་རང་སྟོབས་རང་སྤེལ་ཆེ་རུ་འགྲོ་བ་མཐོང་སྐབས། མཱ་ཏན་གྱི་སེམས་ནང་དགའ་བ་ལྷག་པར་སྐྱེས་ཤིང་། ཁོང་གིས“སློབ་གསོ་གཏོང་བ་ནི་ཤེས་བྱ་བརྒྱུད་སྤྲོད་ཙམ་མིན་པར་གལ་འགངས་ཆེ་ཤོས་ནི་འཚོ་བ་བདེ་ཐང་ལྡན་པ་ཡོང་བའི་ལྟ་ཚུལ་དང་། སློབ་སྦྱོང་ལ་དགའ་ཞེན་དང་རང་འགུལ་ངང་སློབ་སྦྱོང་བྱེད་པའི་མི་ཚེའི་ལྟ་བ་ཞིག་ཆགས་པར་བྱས་ཏེ་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་དང་རྩལ་ནུས་ལ་བརྟེན་ནས་མི་ཚེར་འགྱུར་ལྡོག་གཏོང་རྒྱུ་དེ་རེད”ཅེས་བཤད།
པ་སངས་ཚེ་རིང་གིས་བསྒྱུར།