སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དགུ་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་རླབས་ཆེན་གྱི་རྒྱང་བསྐྱོད་སྙིང་སྟོབས་དར་སྤེལ་གཏིང་ཟབ་གཏོང་ཆེད། ཟླ་11ཚེས་1ཉིན། ས་གནས་ཁག་ནས་ཡོང་བའི་སྐེ་དར་དམར་པོའི་འགྲེལ་བཤད་པ་རྣམས་ཀྱིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་གསར་བརྗེའི་སློབ་གཞིའི་ལག་ལེན་གྱི་བྱེད་སྒོ་སྤེལ་བ་དང་། དྲན་གསོ་ཁང་དུ་འགྲེལ་བཤད་པ་ཆུང་ཆུང་ཚོས་ལོ་རྒྱུས་ལ་ཕྱིར་མིག་བལྟས་ནས་ལྟ་སྐོར་དང་ལོ་ཆུང་བྱིས་པ་ཚོས་རྒྱང་བསྐྱོད་ལ་བསྟོད་བསྔགས་བྱས་པའི་ལག་བྲིས་རི་མོ་དག་ལས་ཕྲུ་གུ་ཚོས་སློབ་སྦྱོང་གསར་རྩོམ་དང་འཚོལ་ཞིབ་ཁྲོད་ནས་ལོ་རྒྱུས་ལ་མྱོང་ཚོར་གྱིས་སྟོབས་ཤུགས་ལེན་ཐུབ་པ་བྱུང་ཡོད།
བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་བསྐྱོད་སྐབས། དངོས་པོ་རེ་རེ་དང་ལོ་རྒྱུས་ཡིག་ཆ་རེ་རེས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ལོ་རྒྱུས་བརྗིད་ཆགས་དེ་གཞོན་ནུ་ཚོའི་མིག་ལམ་དུ་དལ་གྱིས་མངོན་པར་བྱས་ཤིང་། འགྲེལ་བཤད་པ་རྣམས་ཀྱིས་འགྲོ་ཞོར་དུ་ལྟ་བ་དང་སློབ་སྦྱོང་བྱེད་བཞིན་དུ། གཉའ་གནོན་ལས་ཐར་ནས་འཚོ་བ་གསར་པ་བསུ་བའི་འབད་འཐབ་ཀྱི་བརྒྱུད་རིམ་ལ་ཉེ་བར་བཅར་ནས། བོད་རྙིང་པའི་སྡུག་བསྔལ་དང་ད་ལྟའི་ཐོབ་པར་དཀའ་བའི་བདེ་སྐྱིད་འཚོ་བར་མྱོང་ཚོར་ཟབ་མོ་བྱས་པ་མ་ཟད། ཞིང་བྲན་བཅིངས་འགྲོལ་གྱི་ལོ་རྒྱུས་དོན་སྙིང་གལ་ཆེན་ལའང་ཚོར་བ་གཏིང་ཟབ་པོ་བྱུང་ཡོད།
ལྟ་སྐོར་བྱེད་སྒོ་མཇུག་སྒྲིལ་རྗེས། འགྲེལ་བཤད་པ་རྣམས་བྱིས་པའི་ཉམས་ལེན་ཁང་དུ་བསྐྱོད་ནས་གཅིག་བསྡུས་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དང་ནན་ཧུའུ་གསར་བརྗེའི་དྲན་གསོ་ཁང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་སྐེ་དར་དམར་པོའི་འགྲེལ་བཤད་པར་སྤྲིངས་པའི་འཕྲིན་ཡིག་གི་དགོངས་དོན་བསྐྱར་སྦྱོང་བྱས་ཤིང་། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་མ་ཟད། མཉམ་དུ་ལེ་དབར་ཁྲི་ཡི་རྒྱང་བསྐྱོད་ཀྱི་ལོ་རྒྱུས་འོད་སྟོང་འབར་བ་དེར་ཕྱིར་དྲན་བྱས། བྱེད་སྒོར་ལྷ་ས་གྲོང་ཁྱེར་རྔ་ཆེན་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་ཁྲེན་ཆིའུ་ལིན་གདན་དྲངས་ནས་འགྲེལ་བཤད་པ་རྣམས་ལ་རྒྱང་བསྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་རུ་ཁག་སློབ་ཚན་འཁྲིད་པས། བྱིས་པ་རྣམས་ཀྱིས་བློ་རྩེ་གཅིག་བསྒྲིམས་ཐོག་ནས་ཉན་ཞིང་། དམར་དམག་རྒྱང་བསྐྱོད་སྐབས་རི་ཆུ་སྟོང་ཕྲག་མང་པོ་བརྒལ་བའི་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་ཚོར་ཐུབ་པ་དང་། དུས་རབས་ལས་འདས་པའི་གསར་བརྗེའི་སྙིང་སྟོབས་ཀྱི་ནང་དོན་ཟབ་མོ་རྟོགས་ཐུབ་པ་བྱས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་གཅེས། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་སྔར་ལས་བརྟན་པོ་ཆགས་པར་བྱས་ཡོད།
སློབ་སྦྱོང་ཚར་རྗེས། རྒྱང་བསྐྱོད་རི་མོའི་བྱེད་སྒོ་སྤེལ་བས་ས་གནས་ཁག་ནས་ཡོང་བའི་ལོ་ཆུང་རྣམས་ཀྱིས་རི་མོ་རིང་པོ་དེའི་མཐའ་སྐོར་དུ་འདུས་ནས། སྨྱུ་གུར་བརྟེན་ནས་སློབ་སྦྱོང་གི་མཐོང་ཐོས་དང་སེམས་ནང་གི་ཕུགས་བསམ་སོགས་གསར་བརྗེའི་རྗེས་ཤུལ་ཤོག་སྟེང་དུ་རེ་རེ་བཞིན་བྲིས་ཏེ། བོད་ཀྱི་ལོ་ཆུང་ཚོས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དང་བྱིས་སེམས་ཏང་ལ་ཕྱོགས་པའི་རྣམ་པ་མཚོན་པར་བྱས་ཡོད།
ས་གནས་དངོས་སུ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་ནི་དོན་དངོས་སུ་བེད་སྤྱོད་ཐུབ་པའི་ཆབ་སྲིད་སློབ་ཚན་ཞིག་ཡིན། ཐེངས་འདིའི་བྱེད་སྒོ་ཡིས་དམར་དམག་གི་གནས་རྙིང་འཚོལ་ཞིབ་དང་བསམ་བློ་ཁྲིད་སྟོན་ཟུང་འབྲེལ་བྱས་ཏེ། ལོ་ཆུང་གདོང་ལེན་རུ་མི་ཚོས་རང་ཉིད་ཀྱིས་ལག་ལེན་བརྒྱུད་ནས་ལོ་རྒྱུས་ལ་ཤེས་རྟོགས་ཐུབ་པར་བྱས་པས། རུ་མི་ཚོས་ད་ཐེངས་སློབ་སྦྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཐོབ་བྱུང་བས་སླད་ཕྱིན་མུ་མཐུད་ནས་སྐེ་དར་དམར་པོའི་འགྲེལ་བཤད་པ་ཞིག་བྱས་ནས་གསར་རྗེའི་གཏམ་རྒྱུད་དེ་མི་མང་པོར་བཤད་རྒྱུ་ཡིན་ཞེས་བཤད།
བསོད་བསྟན་གྱིས་བསྒྱུར།


