http://zw.xzqnb.cn/Content/weixinlogo.png
དལ་འབྱོར་མི་ལུས་ཐོབ་པ་འདི། །བསོད་ནམས་བསགས་པའི་འབྲས་བུ་ཡིན། །ང
http://zw.xzqnb.cn/m/content/2026-10/16/002017.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ང་ཡི་ཕ་ཡུལ་ལྷོ་ཁ།

«བྱང་འབྲོག་ཁུལ་དུ་རྒྱུན་སྤྱོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས»བལྟས་པའི་མྱོང་གླེང་།

等待处理…

«བྱང་འབྲོག་ཁུལ་དུ་རྒྱུན་སྤྱོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས»བལྟས་པའི་མྱོང་གླེང་།

作者 འཇིགས་མེད་དབང་ཕྱུག
2026年10月16日

དལ་འབྱོར་མི་ལུས་ཐོབ་པ་འདི། །བསོད་ནམས་བསགས་པའི་འབྲས་བུ་ཡིན། །ང་ཚོ་མཉམ་འཛོམས་བྱུང་བ་འདི། །ཚེ་སྔོན་ལས་དབང་ཡོད་པའི་རྟགས། །ཞེས་པས་སྔུན་བསུས་ཏེ་འུ་ཚོ་ལ། གླིང་གེ་སར་རྒྱལ་པོ་ལྟ་བུའི་དཔའ་རྩལ། སྲུ་འབྲོག་མོ་ལྟ་བུའི་ཟས་གོས། གླིང་མི་ཆུང་ལྟ་བུའི་ཁ་བདེ་ལྕེ་བདེ་འཛོམས་མེད་ཀྱང་། མི་ཧོར་གྲལ་ལ་བསྡད་ན་བསྡད་གྲལ་ཡོད། རྟ་ཧོར་གྲལ་ལ་རྒྱུགས་ན་རྒྱུགས་གྲལ་ཡོད། ཞི་ལུ་ཞོ་ཡིས་རྒྱགས་ན་མི་རྫོ་དགུ་རྫོ། གྲོ་ལུ་རྩྭ་ཡིས་རྒྱགས་ན་མི་སྤོ་དགུ་སྤོ། ཟས་ཡི་ག་ཡོད་དུས་ཟ་དགོས། གཏམ་དུས་ལ་བབས་དུས་བཤད་དགོས། ང་ཕོ་ངན་ཚིག་ལ་འོད་མདངས་མེད་དེ། དོན་གལ་པོ་ཆེ་རྣམས་ནན་ཏན་བྱེད།

དཔེ་ཀློག་མང་ན་ཐོས་པ་འཕེལ། ཐོས་པ་འཕེལ་ན་ཤེས་ཡོན་ཕྱུག ཚང་མས་ཤེས་གསལ་ལྟར་གཏམ་དཔེ་མེད་ན་གོ་དཀའ། སྣོད་ལུང་མེད་ན་འཇུ་དཀའ་ཟེར། རེད་ཡཱ། གནའ་མིའི་སྲོལ་རྒྱུན་གྱི་གཏམ་དཔེ་དེ་ནི་མི་རབས་ནས་མི་རབས་བརྒྱུད་དེ་བྱུང་བ་དང་། ལྷག་པར་དུ་གཏམ་དཔེ་དེ་དག་གི་བརྗོད་བྱེད་ཀྱི་ཚིག་སྙན་ཞིང་བརྗོད་བྱའི་དོན་གྱི་གོ་བ་ཟབ། དོན་གསལ་ལ་གོ་བདེ་ཞིང་མདོར་བསྡུས་པ་ཉན་སྤྲོ་བ་བཅས་ཀྱི་བརྡ་སྤྲོད་ཀྱི་རིག་གནས་ཁྱད་དུ་འཕགས་པ་ཞིག་རེད། འཚོ་བ་དངོས་ཀྱི་ནང་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་མཛེས་རྒྱན་དང་དཔེ་ལེན། རེ་བ། སྐྱོན་བརྗོད་དང་དམའ་འབེབས་བཅས་བདེན་དཔང་ཁུངས་སྐྱེལ་གྱི་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེ་བའི་དམངས་ཁྲོད་ཀྱི་རིག་གནས་ངོ་མཚར་ཅན་ཞིག་ཀྱང་རེད།

དམངས་ཁྲོད་རིག་གནས་ནང་གསེས། །གནའ་གཏམ་རྣ་བའི་བདུད་རྩི། །མེས་པོའི་བློ་གྲོས་ཉིང་བཅུད། །ཞིབ་འཇུག་རིན་ཐང་ཆེ་བའོ། །གཏམ་དཔེ་དེ་དག་ཀློག་པ་ཙམ་དང་བལྟས་པ་ཙམ་གྱི་མི་འགྲིག་དེར་གོ་བ་བླངས་ནས་ང་ཚོའི་འཚོ་བའི་ཁྲོད་དམ་ཡང་ན་ཡིག་རྒྱུགས་ཀྱི་སྐབས་སུ་བེད་སྤྱོད་མང་ཙམ་གཏོང་དགོས། དཔེར་ན། རང་གཞན་གྱི་སྐྱོན་གྱི་སྐོར་བྲིས་ཚེ། རང་སྐྱོན་མཐོང་བ་དཀའ་ན་ཡང་། གཞན་སྐྱོན་ཁབ་ཀྱི་རྩེ་མོ་སུས་ཀྱང་མཐོང་། ཞེས་དང་། རང་སྐྱོན་ཐེ་མོས་བཀག་ནས། མི་སྐྱོན་མཛུབ་མོས་སྟོན། ཞེས་དང་། མི་ལ་སྐྱོན་མེད་པ་མེད། ཤིང་ལ་འཛེར་པ་མེད་པ་མེད། ཅེས་པ་ལྟ་བུའི་གཏམ་དཔེ་བེད་སྤྱོད་བྱས་ན་ལེགས། ད་དུང་རྣམ་ཀུན་འཚོ་བའི་ཁྲོད་དུ་ངེད་ཚོའི་གྲོགས་པོ་དེ་སྐྱེས་བུ་རབ་འབྲིང་ཐ་གསུམ་ནང་ནས་གང་འདྲ་ཞིག་ཡིན་པ་གཏམ་དཔེའི་ལམ་ནས་དབྱེ་བ་ཕྱེ་ཐུབ་པ་ནི། སྐྱེས་ཕོ་རབ་རལ་གྲི་དགྲ་ལ་འཕྱར། སྐྱེས་ཕོ་འབྲིང་ལྕག་ཚན་རྟ་ལ་འཕྱར། སྐྱེས་ཕོ་མཐའ་མེ་ཡོག་མ་ལ་འཕྱར། ཞེས་དང་། ཕོ་རབ་གཏམ་གྱིས་བསླུ། ཕོ་འབྲིང་རྒྱུ་ཡིས་བསླུ། ཕོ་ཐ་ཟས་ཀྱིས་བསླུ། ལྟ་བུའོ། །

«བྱང་འབྲོག་ཁུལ་དུ་རྒྱུན་སྤྱོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས»ཞེས་པ་འདི་བཀླགས་ཚར་དུས་དེའི་ནང་ནས་རང་ཉིད་ལ་བག་ཆགས་ཟབ་ཤོས་སམ་ཡང་ན་མྱོང་ཚོར་ཆེ་ཤོས་ཀྱི་གཏམ་དཔེ་ཁག་གཅིག་ཀ་བཤད་ཀྱི་ལམ་ནས་ཁྱེད་རྣམས་ལ་འབུལ་རྒྱུ་ཡིན་པས་ཐུགས་མཉེས་པོས་གསན་པར་མཁྱེན། ཀ་བ་བཞིན་དུ་དྲང་དགོས། ཀ་རྡོ་བཞིན་དུ་བརྟན་དགོས། ཁ་ཁ་རག་བསྡད་ན་ཁ་མཆུ་མེད། མགོ་རུམ་ལ་བཅུག་ན་ལྷགས་པ་མེད། གོ་རང་གིས་མ་བརྗོད་ན། ཡུས་གཞན་ལ་མ་བཤད་ཅིག རྔ་མོང་ལྕེ་རིང་ཡང་། ལུ་གུའི་རྩྭ་མི་རག ལྕགས་ཚ་ཐོག་ལ་རྡུང་དགོས། དོན་དུས་ཐོག་ལ་སྒྲུབ་དགོས། ཆུ་མགོ་བཟང་ན་ཆུ་རྒྱུན་བཟང་། ཕ་མ་བཟང་ན་རིགས་རྒྱུད་བཟང་། ཇ་འདབ་ལོ་ཅན་ལ་འབབ་རྒྱུ་ཡོད། གྲོགས་གྱ་གྱུར་ཅན་ལ་བློ་གཏད་མེད། ཉ་མོ་ཆུ་དང་བྲལ་ཐབས་མེད། རྩ་བ་ལོ་མ་བྲལ་ཐབས་མེད། ལྟོ་ཚོད་རང་གིས་མ་བྱས་ན། ཉྭ་རིལ་ཡན་ཆད་ཕོ་བ་ཡིན། མཐོན་པོའི་རྒྱབ་ན་མཐོན་པོ་ཡོད། རི་བོའི་རྒྱབ་ན་རི་བོ་ཡོད། དར་ལྕོག་ཀེ་རེར་སྡོད་དུས་རླུང་གིས་མི་ཞོག མཛུབ་མོ་ཀེ་རེར་སྡོད་དུས་ཤིག་གིས་མི་ཞོག ནང་ཚགས་བར་ལ་ཚོང་མ་རྒྱག དཔོན་གཡོག་བར་ལ་ཤོ་མ་རྒྱག

དཔའ་བོའི་དཔུང་ལས། མཁས་པའི་ཇུས་དགའ། ཕ་ཡུལ་སྡེ་དགེ་ཡིན་པས་བཙན་རྒྱུ་མེད། ཉལ་ས་ལྷ་ཁང་ཡིན་པས་དྲོ་རྒྱུ་མེད། འབྲོང་གི་བུ་ལ་རྡུང་སློབ་དང་། སྟག་གི་བུ་ལ་འཛིན་སློབ་ཡོད། མི་རྒན་ནང་ལ་བསྡད་ཀྱང་། བློ་རྒྱ་རི་ལ་བཀྲམས་ཡོད། རྩམ་པ་ལ་བལྟས་ནས་མཆོད་པ་མཆོད། བུ་ལ་བལྟས་ནས་མནའ་མ་འཁྲིད། ཚེ་གཅིག་གི་ཚེ་རོགས་དེ་ནི་བཟང་དགོས། ཉིན་གཅིག་གི་འགྲོ་རོགས་དེ་ནི་ཡག་དགོས། རྫ་ཁོག་ཆགས་ན་སྤྱི་གྱོང་དང་། ཕོར་བ་ཆག་ན་སྒེར་གྱོང་རེད། ཝ་མོ་གཡོ་སྒྱུ་ཆེ་ཡང་། རྔོན་པའི་རྙི་ལས་མི་ཐར། ཞྭ་ནང་ཀླད་པ་རུལ་དུ་མ་འཇུག ལྷམ་ནང་རྨ་ཁ་རུལ་དུ་མ་འཇུག ཟ་རྒྱུ་འཐུང་རྒྱུ་མང་ན་དགའ། ལབ་རྒྱུ་གླེང་རྒྱུ་ཉུང་ན་དགའ། འུག་རྒན་གྱི་ཁ་ནས་འུག་གཅིག་དང་། མི་རྒན་གྱི་ཁ་ནས་ཚིག་གཅིག ཡར་དཔེ་ཞྭ་ལ་བལྟ་དགོས། ཞྭ་ལུང་དར་གྱིས་རྒྱན་དགོས། རང་སྐྱོན་ཤེས་ན་སངས་རྒྱས། རང་སེམས་དག་ན་དུང་དཀར། ལུང་པའི་ཕུ་མདོ་མ་ཤེས་ན། རྒྱུག་ཆུ་སྔོན་མོའི་འགྲོས་ལ་ལྟོས། ཤིག་ལ་བརྒྱབ་ཀྱང་གོང་བའི་ཕྱི། རྐུ་མ་ཕྱིར་བྲོས་ཀྱང་དཔོན་པོའི་ཁྲིམས། སོ་སུམ་ཅུའི་སོ་གྲལ་མ་ཞིག་ན། ཟས་ཞིམ་པོ་ག་ནས་བཟས་བཟས་རེད། ཧ་མ་གོ་བའི་མི་དེ་ཡུས་ཆེ། གཉིད་མ་ཁུག་པའི་མི་དེ་ནམ་རིང་། ཨ་མའི་པང་གི་དྲོ་སྐྱིད་དེ། མི་ཡུལ་སླེབས་དུས་གཞི་ནས་ཤེས། འཇིག་རྟེན་འདི་ལ་གཏམ་དཔེ་ཞིག དཔེ་རེ་ལ་གནས་ལུགས་མང་ཉུང་རེ། གཏམ་བཤད་ན་ཕོ་ཤག་མཉམ་དུ་ཤོད། ཟས་ཟ་ན་བཟའ་ཚང་མཉམ་དུ་ཟོས། གཏམ་བཤད་ན་མགོ་ནས་བཤད། སྐྲ་བསླས་ན་རྩ་ནས་བསླ། གཏམ་སྙན་པོ་རྒན་པའི་ཁ་ན་ཡོད། ཤ་ཞིམ་པོ་རུས་པའི་གསེང་ན་ཡོད། བཤད་པ་ཚིག་གི་བཞག་མཚམས། འབྲུ་དྲུག་ཟོར་བས་བརྔས་མཚམས། མི་སུམ་ཅུ་ལ་སེམས་སུམ་ཅུ་ཡོད། མཛོ་སུམ་ཅུ་ལ་རྭ་དྲུག་ཅུ་ཡོད། གོ་ན་རྣ་བའི་བདུད་རྩི་ལ། མ་གོ་གླུ་ལ་འབྲེལ་པ་མེད་ལ་སོགས་པའི་འཇིག་རྟེན་ལུགས་ཀྱི་གཏམ་དཔེ་ཤིན་ཏུ་སྙན་པོ་མང་པོ་འདུག་གོ །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༧)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博