http://zw.xzqnb.cn/Content/weixinlogo.png
བོད་ལྗོངས་ཞེས་པའི་ས་གཞི་ཆེན་པོ་འདིར་དགའ་སྟོན་གྱི་དཔལ་ལ་རོལ་བ
http://zw.xzqnb.cn/m/content/2026-10/16/002016.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ང་ཡི་ཕ་ཡུལ་ལྷོ་ཁ།

«བྱང་འབྲོག་ཁུལ་དུ་རྒྱུན་སྤྱོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས»བལྟས་པའི་མྱོང་གླེང་།

等待处理…

༄༅། །ང་ཡི་ཕ་ཡུལ་ལྷོ་ཁ།

作者 ཡེ་ཤེས་མཁའ་འགྲོ།
2026年10月16日

བོད་ལྗོངས་ཞེས་པའི་ས་གཞི་ཆེན་པོ་འདིར་དགའ་སྟོན་གྱི་དཔལ་ལ་རོལ་བཞིན་པའི་སྤྱི་ལོ་ ༢༠༢ ༦ ལོ་འདི་ནི། བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༥ འཁོར་བ་དང་། ལྷོ་ཁ་ས་ཁུལ་དེ་གྲོང་ཁྱེར་དུ་བསྒྱུར་ནས་ལོ་ངོ་བཅུ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན། ང་རང་སློབ་འབྲིང་སློབ་མ་ཞིག་གི་ངོས་ནས་ཕ་ཡུལ་གྱི་འཕོ་འགྱུར་ལ་ཕྱིར་མིག་ལྟ་སྐབས། སེམས་ནང་དུ་སྤོབས་པ་དང་དགའ་ཚོར་གྱིས་ཁེངས་ཏེ་འབྱུང་འགྱུར་གྱི་རེ་བས་བཏམས་པའི་ཚིག་ཕྲེང་འདི་དག་ཕུལ་བར་ཐལ།

དྲན་གསོ་ལྡན་པའི་དགོང་མོ་ཞིག་ལ། ངའི་སྤོ་བོ་ལགས་ཀྱིས་མེ་ཏོག་གི་དྲི་བསུང་འཐུལ་བའི་སྒེའུ་ཁུང་གི་འགྲམ་དུ་བཞུགས་ཏེ། ང་ལ་ཁོང་གི་བྱིས་དུས་ཀྱི་གཏམ་རྒྱུད་བཤད་མྱོང་། སྤོ་བོ་ལགས་ཀྱིས་གསུང་བར། “སྐབས་དེར་ཕ་ཡུལ་ནི་དུད་སྨུག་གིས་བཏུམས་པའི་སྤྲིན་ནག་ཅིག་དང་འདྲ་སྟེ། འགྲོ་ལམ་ནི་རྡོ་གཅལ་དང་འདམ་རྫབ་ཀྱིས་ཁེངས་པས་མི་རྣམས་དཀའ་ལས་ཆེན་པོ་མྱོང་། གྲོང་ཚོར་ཤེས་ཡོན་གྱི་སྒྲོན་མེ་མེད་པས་ང་ཚོས་ནོར་ལུག་འཚོ་བ་ལས་གཞན་པའི་འཚོ་བའི་རེ་བ་ཞིག་རྨི་ལམ་དུའང་རྨིས་མ་མྱོང་། སྐབས་དེའི་ཁང་པ་ནི་རས་གུར་དང་ས་ཁང་ཉམ་ཐག་ཤ་སྟག་ཡིན་ལ། གདུག་རྩུབ་ཆེ་བའི་དབང་བསྒྱུར་འོག་མི་རྣམས་ཀྱི་མིག་མདངས་ནང་དུ་རེ་བའི་འོད་ཟེར་འཚོལ་དཀའ་བ་ཞིག་རེད།” སྤོ་བོ་ལགས་ཀྱི་གཏམ་དེས་ངའི་སེམས་སུ་དྲན་ཤེས་གསར་པ་ཞིག་བསྐྱེད།

འོན་ཀྱང་། ད་ལྟ་ངའི་མིག་ལམ་དུ་མངོན་པ་ནི་གཏམ་རྒྱུད་དེ་དང་མི་འདྲ་བའི་བདེ་སྐྱིད་ཀྱི་འཇིག་རྟེན་ཞིག་རེད། ངས་མཐོང་བའི་ལྷོ་ཁ་གྲོང་ཁྱེར་ནི་ཡར་ཀླུང་གཙང་པོའི་འགྲམ་དུ་མཛེས་སྡུག་ལྡན་པའི་མེ་ཏོག་བཞད་པ་ལྟར་གནས་ཡོད། སྤོ་བོ་ལགས་ཀྱིས་བཤད་པའི་འདམ་རྫབ་ཀྱི་ལམ་དེ་དག་ད་ལྟ་ནི་འགྲོ་ལམ་སྣུམ་ནག་ཅན་གྱི་རྒྱ་ལམ་ཡངས་པོས་གྲོང་ཁྱེར་དང་གྲོང་གསེབ་མཐུད་ཡོད། ང་རང་སློབ་གྲྭར་འཛམ་གླིང་གི་ཤེས་བྱ་སྦྱོང་བའི་གོ་སྐབས་ཡོད་ལ། སྒེའུ་ཁུང་ཕྱི་རོལ་དུ་དེང་རབས་ཅན་གྱི་ཐོན་ལས་ཁང་དང་། ལྗང་མདོག་གི་སྤྱི་གླིང་དག་གིས་ཕ་ཡུལ་གྱི་རྣམ་པ་གསར་པ་མཚོན་ཡོད།

ལོ་ངོ་བདུན་ཅུ་དོན་ལྔའི་རིང་ལ། ང་ཚོའི་ཕ་ཡུལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་དེ་ནི། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན། སྔོན་ཆད་ཀྱི་ལོ་རྒྱུས་དེབ་ཐེར་ལས་མཐོང་བ་ལྟར། བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེ་རུ་གནས་ཤིང་མཛེས་སྡུག་ལྡན་པའི་ས་ཁུལ་ཞིག་ཡིན་ལ། ད་ལྟ་ནི་འཕེལ་རྒྱས་དང་དེང་རབས་ཅན་དུ་གྱུར་བའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་དུ་གྱུར་ཡོད། དེ་ནི་ "འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞི་" ཡི་དགོངས་པ་དངོས་སུ་ལག་ལེན་བསྟར་བའི་འབྲས་བུ་ཡིན།

ལྷག་པར་དུ་ལྷོ་ཁ་གྲོང་ཁྱེར་གྱི་འཕོ་འགྱུར་ལ་མཚོན་ན། ལོ་ངོ་བཅུའི་རིང་ལ། ས་གཞི་འདི་ནི་ལོ་རྒྱུས་ཀྱི་རིག་གནས་དང་དེང་རབས་ཀྱི་ཤེས་རིག་གཉིས་འཛོམས་པའི་གནས་སུ་གྱུར་ཡོད། སྔར་གྱི་ཁང་རྙིང་ཚབ་ཏུ་དེང་རབས་ཀྱི་སྡོད་ཁང་དང་། སློབ་གྲྭ། སྨན་ཁང་། རིག་གནས་ལྟེ་གནས་ཁང་བཅས་བསྐྲུན་ཡོད། ང་རང་སློབ་མ་ཞིག་གི་ངོས་ནས་བཤད་ན། ཤེས་ཡོན་སློབ་གསོ་འཕེལ་རྒྱས་སུ་ཕྱིན་པ་དེས་ང་ཚོར་འབྱུང་འགྱུར་གྱི་མཛེས་པའི་རེ་བ་བསྩལ་ཡོད། ང་ཚོ་སློབ་གྲྭའི་ནང་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་། ཚན་རྩལ་ཤེས་བྱ། རིག་གནས་སློབ་སྦྱོང་བཅས་བྱེད་བཞིན་ཡོད་པ་ལས། མི་རིགས་ཁག་མཐུན་སྒྲིལ་གྱི་འཚོ་བ་གསལ་པོར་མཐོང་ཐུབ།

ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་བལྟ་སྐབས། ང་ཚོས་རང་གི་ཕ་ཡུལ་ལ་མྱོང་བའི་འགྱུར་ལྡོག་དེ་ནི་མཐོང་ཆོས་སུ་ཡོད། རི་ཆུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པས། ད་ལྟ་གནམ་གཤིས་དྭངས་ཤིང་། ཆུ་མོ་གཙང་བ་དང་། སྔོ་ལྗང་ནགས་ཚལ་གྱིས་ཁེངས་ཡོད། འདི་ནི་“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་”ཀྱི་ཁྲིམས་ལུགས་ལག་བསྟར་བྱས་པའི་འབྲས་བུ་ཡིན་ལ། ང་ཚོའི་མི་རབས་གསར་པས་སྲུང་སྐྱོབ་བྱེད་དགོས་པའི་སྐྱེ་ཁམས་ཀྱི་རྒྱུ་ནོར་ཡང་ཡིན།

ཕ་ཡུལ་གྱི་འཕོ་འགྱུར་དེ་ནི་དབུལ་སྒྲོལ་འགག་གྲོལ་གྱི་སྙིང་སྟོབས་ལས་བྱུང་བ་ཡིན། སྔར་གྱི་དབུལ་ཕོངས་ཀྱི་རྣམ་པ་དེ་ཡལ་ཏེ། ད་ལྟ་འབྱོར་ཕྱུག་ལྡན་པའི་འཚོ་བ་རོལ་བཞིན་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་གཅིག་ཕན་གཅིག་རོགས་དང་། མཐུན་སྒྲིལ་ཡར་ཐོན་སྒོ་ནས་མེས་རྒྱལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། ང་ཚོ་སློབ་མ་རྣམས་ཀྱིས་“མི་བརྗེད་པ་གསུམ་” གྱི་དྲན་ཤེས་བཅངས་ཏེ། ཏང་གི་བཀའ་དྲིན་དྲན་པ་དང་མེས་རྒྱལ་གྱི་དྲོ་སྐྱིད་མི་བརྗེད་པར། སླད་ཕྱིན་གྱི་ལམ་བུར་གོམ་ཤུགས་ཆེན་པོས་སྤོ་བར་འདོད།

ལྷོ་ཁ་གྲོང་ཁྱེར་གྱི་དར་རྒྱས་དེ་ནི་ཀྲུང་གོའི་བོད་ལྗོངས་ཀྱི་འབྱུང་འགྱུར་ཡིན། སློབ་འབྲིང་སློབ་མ་ཞིག་གི་ངོས་ནས་ངས་ཤེས་རྟོགས་བྱུང་བ་ནི། ཕ་ཡུལ་གྱི་འཕོ་འགྱུར་འདི་ནི་རླབས་ཆེན་གྱི་མེས་རྒྱལ་ལ་བརྟེན་ཡོད་པ་དེ་ཡིན། ང་ཚོས་བློ་མཐུན་ལེ་ཧྥུང་གི་སྙིང་སྟོབས་སྙིང་ལ་བཅངས་ཏེ། རང་ནུས་ཡོད་རྒུས་ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། རྗེས་སུ་རྒྱལ་ཁབ་དང་མི་དམངས་ལ་མཁོ་བའི་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་རྒྱུ་ནི་ངའི་ཕུགས་འདུན་ཡིན།

མདོར་ན། སྤྱི་ལོ་ ༢ ༠ ༢ ༦ ལོའི་དུས་སྟོན་འདི་ནི་ང་ཚོའི་མི་ཚེའི་ནང་གི་གཟི་བརྗིད་ལྡན་པའི་དུས་ཚིགས་ཤིག་ཡིན། ཕ་ཡུལ་གྱི་རི་བོ་དང་། ཆུ་བོ། མི་དམངས་ཡོངས་ལ་ངས་སྙིང་ཁུངས་རུས་པའི་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ང་ཚོ་མཉམ་དུ་ལག་གདང་སྦྲེལ་ཏེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ཆེད་དུ་བློ་རྩ་བརྟན་པོས་མདུན་དུ་བསྐྱོད་པར་བྱའོ། །ཕ་ཡུལ་ལྷོ་ཁ་འབྱུང་འགྱུར་སྔར་ལས་མཛེས་སྡུག་ལྡན་པ་དང་། མེས་རྒྱལ་གྱི་མདུན་ལམ་སྔར་ལས་ཡངས་པར་སྨོན། །

ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སློབ་འབྲིང་ལོ་རིམ༩(༣)

ཟུར་ཁྲིད་དགེ་རྒན། དབང་འདུས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博