ཉེ་ཆར“དགུ་པའི་བཅོ་བརྒྱད་”དུས་འགྱུར་དྲན་གསོའི་ཉིན་མོའི་གལ་ཆེན་གྱི་དུས་ཚོད་དང་ཟུང་འབྲེལ་བྱས་ནས། གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་གྱིས་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་མཉམ་འབྲེལ་ཐོག“དགུ་པའི་བཅོ་བརྒྱད་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཏེ་ལང་ཚོའི་རྒྱལ་སྲུང་གི་འགན་འཁྲི་འཁུར་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། ལས་རིགས་སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཀྲི་པུའུ་ཡི་ཧྲུའུ་ཅི་དང་དེ་བཞིན་སྡེ་ཚོགས་ཀྱི་འགན་འཁུར་བ་90ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
བྱེད་སྒོའི་ནང་ལྟེ་བའི་ཆེད་དོན་ཆེན་པོ་གཉིས་བཀོད་སྒྲིག་བྱས་ཡོད་པ་སྟེ། གྲོང་ཁྱེར་རིམ་པའི“གཞོན་ནུའི་འཆད་ཁྲིད་དགེ་རྒན་ཚོགས་པའི”ཁོངས་མིས《དགུ་པའི་བཅོ་བརྒྱད་བློ་ལ་བརྟན་པོར་ངེས་ནས་ང་ཚོ་ འབད་བརྩོན་བྱེད་དགོས》ཞེས་པ་ཁ་བྱང་དུ་བྱས་ཏེ་དུས་འགྱུར་གྱི་རྒྱབ་ལྗོངས་དང་། རི་འགོག་དམག་འཁྲུག་གིས་ཀྲུང་གོར་བཙན་འཛུལ་བྱས་པའི་ནག་ཉེས་དང་དེ་བཞིན་ལོ་བཅུ་བཞིའི་རི་འགོག་དམག་འཁྲུག་གི་བརྒྱུད་རིམ་བཅས་གསེད་བཀྲོལ་བྱས་པ། མིག་སྔའི་རྒྱལ་ཁབ་ཀྱི་བདེ་འཇགས་དུས་བབ་དང་ཟུང་འབྲེལ་གྱིས་ལོ་རྒྱུས་ཉེན་བརྡའི་རིན་ཐང་གསལ་འགྲེལ་བྱས་པ། གཞོན་ནུ་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་བྱས་པ། རྒྱལ་གཅེས་ཀྱི་བརྩེ་སེམས་སློབ་སྦྱོང་དང་འབད་བརྩོན་ཡར་རྒྱས་ཀྱི་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་། ཆེད་དོན་གཞན་ཞིག་གིས《ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་བཅའ་ཁྲིམས》ལ་དམིགས་ནས་སྒྲོག་འགྲེལ་བྱས་ཏེ་ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་། ལྟེ་བའི་དོན་ཚན། དོན་དངོས་ཀྱི་དོན་སྙིང་བཅས་འགྲེལ་བཤད་བརྒྱབ་པ་དང་། མཐའ་མཚམས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་ཏེ་གཞོན་ནུ་རྣམས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཁྲིམས་སྐྱོང་གི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས་རང་རྟོགས་ངང་ཁ་བྲལ་གྱི་བསམ་བློ་བཀག་འགོག་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་ནང་མཉམ་འགུལ་དོགས་གནད་ལ་ལན་འདེབས་དང་མྱོང་ཚོར་སྤེལ་རེས་ཀྱི་ལྷུ་ཚིགས་མང་དུ་བཏང་ནས་རིམ་རྩིས་ལྟར་ན་བརྗོད་བྱ་གཙོ་བོའི་རིག་གནས་གསར་གཏོད་ཐོན་རྫས་105དང་དྲིལ་བསྒྲགས་ཤོག་གྲངས100ལྷག་ཙམ་སྤྲད་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།


