རང་ལ་དགོས་པའི་ཡོན་ཏན་དེ། །ཉི་མ་རེ་ལ་ཚིག་རེ་བཟུང་། །གང་ཞིག་ཉིན་བརྒྱ་སོང་བ་ན། །ཚིག་བརྒྱ་མ་ལུས་ཁོང་དུ་ཆུད། །ཅེས་གསུངས་པ་ལྟར་དཔེ་ཀློག་ལ་གོམས་ཤིང་ཤེས་ཡོན་གྱི་མ་རྩ་ཡོད་ན་ད་གཟོད་རང་གི་ལས་དབང་རང་གི་ལག་ཏུ་ཡོད། འཚོ་བའི་ཁྲོད་དུ་དཔེ་ཆ་མེད་ན་འཇིག་རྟེན་འདི་ལ་ཉི་མ་མེད་པ་དང་། རིག་པའི་གནས་ལ་དཔེ་ཆ་མེད་ན་བྱ་རྒོད་ལ་གཤོག་པ་མེད་པ་དང་འདྲ་བས། དཔེ་དེབ་ནི་འགྲོ་བ་མིའི་རིགས་འཕེལ་རྒྱས་འགྲོ་བའི་ཐེམ་སྐས་ཡིན། དཔེ་དེབ་ནང་སྐྱེས་བུ་དམ་པ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་དང་ཤེས་རིག་གི་ཉིང་བཅུད། མི་རབས་སྔོན་མ་རྣམས་ཀྱི་འཚོ་བའི་ཉམས་མྱོང་སོགས་ཤེས་བྱ་མང་པོ་མཉམ་དུ་བསྡུས། དེའི་ཕྱིར་དཔེ་ཀློག་བྱས་ན་རིག་གནས་དང་ཤེས་བྱ་མང་པོ་ཞིག་རང་གི་ནོར་བུར་འགྱུར་སྲིད།
དེ་རིང་གུས་པས་ཁྱེད་རྣམ་པ་ལ་ངོ་སྤྲོད་ཞུ་བའི་དེབ་འདི་ནི། དགེ་རྒན་ཆེན་མོ་བ་ཚེ་བརྟན་བཀྲ་ཤིས་ལགས་ཀྱིས་གཙོ་སྒྲིག་བྱས་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་“211”བཟོ་སྐྲུན་དུས་རིམ་གསུམ་པའི་འཛུགས་སྐྲུན་གྲུབ་འབྲས་ཤིག་རེད། ང་ཚོའི་མཐའ་འཁོར་གྱི་དཔེ་ཁང་མང་པོ་ཞིག་ལ་ལོ་རྒྱུས་ཀྱི་དེབ་སྣ་ཚོགས་ཡོད་ཀྱང་ལོ་རྒྱུས་ལ་ཐོག་མར་སློབ་གཉེར་བྱེད་མཁན་ཞིག་གི་ངོས་ནས་བཤད་ན་དཔེ་དེབ་འདི་འདམ་ཀ་ལེགས་ཤོས་ཤིག་རེད་འདུག དེབ་འདིའི་ནང་མཚོ་བོད་མཐོ་སྒང་གི་འབྱུང་ཁུངས་དང་བོད་མི་ཐོག་མར་བྱུང་ཚུལ། གདོད་མའི་མི་རྣམས་ཀྱི་འཚོ་སྡོད་བྱེད་སྟངས་སོགས་ལ་འགྲེལ་བཤད་གསལ་པོ་བརྒྱབ་འདུག དེ་ནས་ཡར་ཀླུང་གཙང་པོའི་རྒྱུད་ལ་ཆབ་སྲིད་དང་དཔལ་འབྱོར་འཕེལ་རྒྱས་བྱུང་ཚུལ་སོགས་དང་། ཕྱིས་སུ་གཉའ་ཁྲི་བཙན་པོ་བོད་རྒྱལ་ཐོག་མར་བསྐོས་པའི་སྐོར་སོགས་བརྗོད་འདུག་གོ །
དེབ་འདི་བལྟས་རྗེས་དེ་སྔོན་གུས་པའི་རྣ་བའི་ཡུལ་དུ་ཐོས་མྱོང་མེད་པའི་ཤེས་བྱ་མང་པོ་ཞིག་ཀྱང་ཤེས་བྱུང་། དཔེར་ན། གཉའ་ཁྲི་བཙན་པོ། མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མུ་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ་བཅས་ལ་གནམ་གྱི་ཁྲི་བདུན་ཟེར་སྲོལ་ཡོད་པ་སོགས་ཧ་ཅང་མང་། ཕྱིས་སུ་བོད་རྒྱལ་སྲོང་བཙན་སྒམ་པོས་གཅིག་གྱུར་གྱི་ཡི་གེ་དང་། གཅིག་གྱུར་གྱི་ཁྲིམས་སྲོལ་སོགས་གསར་དུ་བཟོས་ནས་བོད་ཡོངས་གཅིག་གྱུར་ཐུབ་པ་མ་ཟད། བལ་ཡུལ་ནས་བལ་བཟའ་ཁྲི་བཙུན་དང་རྒྱ་ནག་ནས་རྒྱ་བཟའ་ཀོང་ཇོ་མནའ་མར་བསུས་ཏེ་མཐའ་འཁོར་གྱི་རྒྱལ་ཁབ་དང་མཛའ་མཐུན་གྱི་འབྲེལ་བ་བཙུགས་པས། བོད་ཀྱི་རིག་གནས་དང་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་བྱུང་ནས་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་ནའང་། འུ་དུམ་བཙན་གྱི་དུས་ལ་ནང་འཁྲུག་གིས་རྐྱེན་པས་ཁ་ཐོར་དུ་གྱུར་ནས་རྒྱལ་ཕྲན་མང་པོ་བྱུང་བ། མཐར་ཡོན་རྒྱལ་རབས་ཀྱི་དུས་སུ་ས་པཎ་དང་ཡོན་གྱི་གོང་མ་མ་གྲོས་གཅིག་མཐུན་བྱུང་ནས་བོད་དང་རྒྱ་མི་རིགས་གཉིས་བར་མཛའ་མཐུན་གྱི་ལས་དབང་ཡང་འགོ་བཙུགས་པ་ཡིན།
བོད་ནང་ཁུལ་ལ་ཡང་སྲིད་དབང་མང་པོ་ཞིག་བྱུང་མྱོང་འདུག དཔེ་མཚོན་ཙམ་ལ་ས་སྐྱ། རིན་སྤུངས། ཕག་གྲུ་སོགས་དང་ཕྱིས་སུ་ཆིང་རྒྱལ་རབས་ཀྱི་དུས་མགོར་ཆིང་གོང་མས་བོད་ཀྱི་དགེ་ལུགས་པར་རོགས་སྐྱོར་བྱས་ཏེ་འབྲས་སྤུངས་སུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་འདུག བོད་ཀྱི་ཕག་གྲུའི་དུས་དང་རྒྱ་ནག་ཡུལ་གྱི་མིང་རྒྱལ་རབས། དགའ་ལྡན་ཕོ་བྲང་དུས་དང་རྒྱ་ནག་ཡུལ་གྱི་ཆིང་རྒྱལ་རབས་དུས་མཉམ། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཆིང་སྲིད་གཞུང་ཉམས་རྒུད་དུ་གྱུར་པས། དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་པའི་གོ་སྐབས་བཟང་པོ་བྱུང་ནའང་དཔའ་བོའི་གྲོང་རྒྱལ་རྩེའི་མི་དམངས་གཙོ་བོ་བྱས་པའི་བོད་ཀྱི་ས་ཁམས་མང་པོའི་མི་དམངས་མཉམ་དུ་མཐུན་སྒྲིལ་གྱིས་དབྱིན་ཇིའི་དྲག་པོའི་བཙན་འཛུལ་ཐེངས་གཉིས་ལ་ཕར་རྒོལ་བྱས་པའི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་དེ་ཡང་བརྗོད་འདུག་པས་ང་ཚོས་ལོ་རྒྱུས་འདི་རིགས་ནམ་ཡང་བརྗེད་མི་རུང་ངོ་། །
དེབ་འདིའི་ནང་དུ་སྔོན་མའི་ལོ་རྒྱུས་ཕུད་པའི་ད་དུང་དེང་གི་ལོ་རྒྱུས་མང་པོ་ཞིག་ཀྱང་བཀོད་པ་དེའི་ནང་ནས་ཆེས་བརྗེད་དཀའ་བའི་ལོ་རྒྱུས་ནི། སྔོན་ཆད་ང་ཚོ་བྲན་གཡོག་དང་དུད་འགྲོ་ལྟ་བུའི་འཚོ་བ་སྐྱེལ་བཞིན་ཡོད་པས། མི་མང་པོ་ཞིག་ཟས་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་ནི་རྨི་ལམ་ལྟ་བུ་ཞིག་ཡིན། འོན་ཀྱང་ཕྱིས་སུ་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ནས་ཞིང་པར་རང་སོ་སོའི་རྨོ་བྱེད་ཀྱི་ཞིང་ཁ་དང་། རང་སོ་སོ་ཟ་བྱེད་ཀྱི་འབྲུ་རིགས། ཕྲུ་གུར་རིན་མེད་ཀྱི་སློབ་གྲྭར་འགྲོ་བ་སོགས་ཀྱི་སྲིད་ཇུས་མང་པོ་ཞིག་ལག་བསྟར་བྱས་འདུག
ང་རང་ལོ་རྒྱུས་དང་ས་ཁམས་སྐོར་གྱི་དཔེ་ཆ་བལྟ་རྒྱུར་དགའ། ངས་དེབ་དེ་བལྟས་པ་བརྒྱུད་ང་རང་གི་ཤེས་བྱའི་སྒོ་མོ་ཕྱེ་སྟེ་བལྟ་རྒྱ་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། “བྱང་སྐར་སྤུན་བདུན་ལ་བལྟས་ནས་ཕྱིན་ན་ལམ་ནོར་མི་ཐེབས་པ་དང་། གུང་ཁྲན་ཏང་དང་མཉམ་དུ་ཕྱིན་ན་བདེ་སྐྱིད་ཡོང”ཞེས་པ་ལྟར་གུང་ཁྲན་ཏང་མེད་ན་ང་ཚོའི་ད་ལྟའི་སྐྱིད་པའི་འཚོ་བ་འདི་ཡོང་ཐབས་རྩ་བ་ནས་མེད་པའི་མྱོང་ཚོར་ཟབ་མོ་བྱུང་། དེས་ན«བོད་ཀྱི་ལོ་རྒྱུས་བསྡུས་གསལ་མེ་ལོང»ཞེས་པའི་དཔེ་དེབ་འདི་ངས་ཁྱེད་རྣམས་ལ་འོས་སྦྱོར་ཞུ་བའི་ལེགས་སྐྱེས་ཀྱི་ཐོག་མ་ཡིན། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༥)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།


