http://zw.xzqnb.cn/Content/weixinlogo.png
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་སློབ་འབྲིང་སློབ་མའི་སེམས་ཁམས
http://zw.xzqnb.cn/m/content/2026-09/04/001957.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༅། །སློབ་འབྲིང་སློབ་མའི་སེམས་ཁམས་ཀྱི་ཕོག་ཐུག་སེལ་ཐབས་སྐོར་ལ་ རགས་ཙམ་དཔྱད་པ།

༄༅། །ཁྱེད་དང་ང་ཡི་དམ་ཚིག

བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་(རྒྱ་ཆེ་)ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས་པ།

༄༅། །སློབ་གསོ་བཟང་པོ་མུན་སེལ་སྒྲོན་མེ་ཡིན།

等待处理…

༅། །སློབ་འབྲིང་སློབ་མའི་སེམས་ཁམས་ཀྱི་ཕོག་ཐུག་སེལ་ཐབས་སྐོར་ལ་ རགས་ཙམ་དཔྱད་པ།

2026年09月04日

ནང་དོན་གནད་བསྡུས།

དཔྱད་རྩོམ་འདིར་སློབ་འབྲིང་སློབ་མའི་སེམས་ཁམས་ཀྱི་ཕོག་ཐུག་སེལ་ཐབས་སྐོར་ལ་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་བྱས་ཡོད། མི་སྒེར་གྱི་རང་ཚུགས་དང་ཁྱིམ་ཚང་གི་བརྩི་འཇོག སློབ་གྲྭའི་སེམས་ཁམས་ལམ་ལུགས།སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བཅས་ཕྱོགས་བཞིའི་ནུས་པ་མཉམ་སྒྲིལ་བྱས་ཏེ་སློབ་མའི་སེམས་ཁམས་བདེ་ཐང་གི་འཚར་ལོངས་ཁོར་ཡུག་བསྐྲུན་རྒྱུ་ནི་སློབ་གསོའི་ལས་དོན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པ་བསྟན་ཡོད།

དང་པོ། མི་སྒེར་གྱི་སེམས་ཁམས་སྙོམས་སྒྲིག་ནུས་པ་དང་རང་གཤིས་འཚར་ལོངས་ཡོང་ཐབས།

སློབ་མའི་སེམས་ཁམས་ཀྱི་ཕོག་ཐུག་སེལ་བའི་རྩ་བ་ནི་རང་ཉིད་ཀྱི་ནང་སེམས་སྟོབས་ཤུགས་ཡིན་ལ་སློབ་མ་རྣམས་ཀྱིས་རང་གི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་ངོས་ཟིན་པ་དང་སེམས་ཁམས་ཀྱི་འགྱུར་ལྡོག་ལ་ལྟ་སྟངས་འཛིན་སྟངས་སྦྱོང་བརྡར་བྱེད་དགོས། རང་ཉིད་ཀྱི་ཚོར་བ་ལ་དོ་དམ་བྱེད་པ་དཀའ་ངལ་འཕྲད་དུས་དབུགས་གཏོང་ལེན་དང་ལུས་རྩལ་སྦྱོང་བ། རོལ་མོ་ཉན་པ། ཡང་ན་དགེ་རྒན་དང་གྲོགས་པོར་སེམས་ཀྱི་གཏམ་བཤད་པ་སོགས་སེམས་ཁམས་ཀྱི་གནོན་ཤུགས་སེལ་ཐབས་བྱེད་དགོས། ལྷག་པར་དུ་སློབ་སྦྱོང་གི་ཡིད་ཆེས་སླར་གསོ་བྱེད་པར་དམིགས་འབེན་ཆུང་བ་ནས་འགོ་བཙུགས་ཏེ་རྒྱལ་ཁའི་ཚོར་བ་སྐྱེད་པ་དང་། ཕམ་ཉེས་ལ་ལྟ་སྟངས་འཛིན་ཤེས་པར་བྱེད་པ་ནི་སེམས་ཁམས་ཀྱི་བརྟན་བརླིང་སྲུང་སྐྱོབ་བྱེད་པའི་ལྡེ་མིག་ཡིན།

གཉིས་པ། ཁྱིམ་ཚང་ནང་བརྩི་འཇོག་ལྡན་པའི་སློབ་གསོའི་ཁོར་ཡུག་བསྐྲུན་དགོས།

ཁྱིམ་ཚང་ནི་སེམས་ཁམས་བདེ་འཇགས་ཀྱི་གནས་ཡིན་པས་ཕ་མས་བྱེད་ཐབས་བསྒྱུར་ཏེ་འབྲེལ་གཏུག་བཟང་པོ་བྱེད་དགོས། ཕ་མས་སློབ་མ་རྣམས་ཀྱི་བསམ་བློར་བརྩི་འཇོག་ལྡན་པའི་སྒོ་ནས་ཉན་པ། རེ་བ་མཐོ་མི་དྲགས་པར་བྱིས་པའི་དོན་དངོས་ཀྱི་ནུས་པར་བརྩི་འཇོག་བྱེད་དགོས། འབྲེལ་གཏུག་བྱེད་སྐབས་བཙན་དབང་གི་རྣམ་པ་མིན་པར་འདྲ་མཉམ་གྱི་སྒོ་ནས་བགྲོ་གླེང་བྱེད་པ་དང་ཁྱིམ་ཚང་ནང་དུ་འཆམ་མཐུན་གྱི་གནས་བབ་བཟོ་བ། སློབ་མའི་དཀའ་ངལ་ལ་ཐུགས་ཁུར་བྱས་ཏེ་སེམས་ཀྱི་རྒྱབ་རྟེན་ཡག་པོ་ཞིག་གམ་ཁྱིམ་ཚང་གི་ཁོར་ཡུག་བདེ་ འཇགས་ཅན་ཞིག་བསྐྲུན་དགོས།

གསུམ་པ། སློབ་གྲྭའི་སེམས་ཁམས་བློ་འདྲི་དང་སྲུང་སྐྱོབ་ཀྱི་མ་ལག་འཐུས་ཚང་བཟོ་དགོས།

སློབ་གྲྭས་སློབ་གསོ་བཅོས་བསྒྱུར་གྱི་སྒོ་ནས་སེམས་ཁམས་ལ་གནོད་པའི་རྒྱུ་རྐྱེན་ཉུང་དུ་གཏོང་དགོས། ཆེད་ལས་ཀྱི་སེམས་ཁམས་བློ་འདྲི་ཁང་འཛུགས་པ་དང་སེམས་ཁམས་དགེ་རྒན་བཀོད་སྒྲིག་བྱས་ཏེ་སློབ་མའི་སེམས་ཀྱི་དཀའ་ངལ་དུས་ཐོག་ཏུ་བསེལ་རོགས་བྱེད་དགོས། དེ་བཞིན་སློབ་གསོའི་བྱེད་ཐབས་ལེགས་བཅོས་བྱེད་པ་དང་རྒྱུགས་འབྲས་ཁོ་ནར་མ་དམིགས་པར་སློབ་མའི་ཕྱོགས་ཡོངས་ཀྱི་འཚར་ལོངས་ལ་བརྩི་མཐོང་བྱས་ནས་མཐུན་སྒྲིལ་གྱི་འཚོ་བ་སྐྱེལ་བར་སྐུལ་ལྕག་བྱས་ཏེ་བརྙས་བཅོས་སོགས་ཀྱི་སྲོལ་ངན་འགོག་རྒྱུ་ནི་སློབ་གྲྭའི་འགན་འཁྲི་ཡིན།

བཞི་པ། སྤྱི་ཚོགས་དང་རོགས་ཟླ་ལེགས་པའི་ཤུགས་རྐྱེན་ལ་རྒྱབ་སྐྱོར་བྱེད་དགོས།

སྤྱི་ཚོགས་ཀྱི་རླུང་འཚུབ་ལས་སློབ་མར་སྲུང་སྐྱོབ་བྱེད་པ་ནི་ལས་འགན་གལ་ཆེན་ཞིག་ཡིན་པས་དྲ་རྒྱའི་ཆ་འཕྲིན་ལ་བརྟག་དཔྱད་ནན་པོས་དྲ་རྒྱའི་ཁོར་ཡུག་གཙང་བཟོ་བྱེད་དགོས་པ་དང་། སློབ་མ་རྣམས་ལ་སྤྱི་ཚོགས་ཀྱི་རོགས་རམ་སློབ་གསོ་དང་འོས་འགན་ངལ་རྩོལ་སོགས་སུ་ཞུགས་པར་སྐུལ་ལྕག་བྱས་ཏེ་དྲང་བདེན་དང་སྤྱི་ཚོགས་ཕན་འབྲས་ལྡན་པའི་ལྟ་བ་འཛིན་པའི་སྤྱི་ཚོགས་སྲོལ་བཟང་གསོ་སྐྱོང་བྱེད་དགོས། ལྷག་དོན་དུ་སྤྱི་ཚོགས་ཀྱི་འབྲེལ་འདྲིས་ཁྲོད་དུ་གཟབ་ནན་བྱ་རྒྱུ་དང་ལེགས་པའི་རོགས་ཟླའི་ཚོགས་པ་བདམས་ནས་སེམས་ཁམས་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་སློབ་མའི་ལམ་ཁ་ཡག་ཤོས་ཅིག་ཡིན་པར་སེམས།

མདོར་ན།

སློབ་འབྲིང་སློབ་མའི་སེམས་ཁམས་ཀྱི་ཕོག་ཐུག་སེལ་བ་ནི་མི་སྒེར་དང་ཁྱིམ་ཚང་། སློབ་གྲྭ། སྤྱི་ཚོགས་བཅས་ཕྱོགས་བཞིའི་འགན་འཁྲི་གཅིག་ཏུ་སྒྲིལ་བའི་ལས་དོན་ཞིག་ཡིན་པས་སློབ་མར་རང་ཉིད་ཀྱི་སེམས་ཁམས་སྙོམས་སྒྲིག་དང་ཁྱིམ་ཚང་གིས་གཅེས་སྐྱོང་། སློབ་གྲྭའི་་བློ་འདྲི། སྤྱི་ཚོགས་ཀྱིས་སྲུང་སྐྱོབ་བཅས་ཀྱི་གཞོགས་འདེགས་གང་ལེགས་ཐོབ་ན་སློབ་མ་རྣམས་ལ་བདེ་སྐྱིད་ལྡན་པའི་འཚར་ལོངས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་པ་ཡིན་ནོ། །

ལྷོ་ཁ་གྲོང་ཁྱེར་ཤར་འོད་སློབ་འབྲིང་།

ཚེ་རིང་བཀྲ་ཤིས།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博