西藏青年报藏文版རྩོམ་རིག་དགའ་ཚལ། ༅། །སློབ་འབྲིང་སློབ་མའི་སེམས་ཁམས་ཀྱི་ཕོག་ཐུག་སེལ་ཐབས་སྐོར་ལ་ རགས་ཙམ་དཔྱད་པ། ༄༅། །ཁྱེད་དང་ང་ཡི་དམ་ཚིག བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་(རྒྱ་ཆེ་)ཚོགས་འདུ་ཐེངས་དྲུག་པ་ལྷ་སར་འཚོགས་པ། ༄༅། །སློབ་གསོ་བཟང་པོ་མུན་སེལ་སྒྲོན་མེ་ཡིན།

放大 缩小 默认

༄༅། །ཁྱེད་དང་ང་ཡི་དམ་ཚིག

□ 作者 འཇིགས་མེད་དབང་ཕྱུག

ཁྱེད་ནི་རིན་ཆེན་དངུལ་གྱི་འཚེམ་ཁབ་དེ་ཡིན་ན། །

ང་རང་སེར་པོ་གསེར་གྱི་སྟོང་སྐུད་དེ་ཡིན་ཆོག །

འུ་གཉིས་ལས་ཀྱིས་འདེད་ནས་ཐུག་འཕྲད་ཅིག་བྱུང་ན། །

རྟགས་བརྒྱད་རི་མོ་ཡ་ཆུང་སེམས་གཉིས་ཀྱིས་བཙེམས་ཆོག །

ཁྱེད་ནི་མཐོན་པོའི་དབྱིངས་ཀྱི་གསེར་སྦྲང་དེ་ཡིན་ན། །

ང་རང་དམའ་པོའི་མཚོ་ཡི་པད་མ་དེ་ཡིན་འདོད། །

གསེར་སྦྲང་མེ་ཏོག་ཆགས་པའི་ལས་འཕྲོ་དེ་སྨིན་ན། །

ལང་ཚོའི་དུང་སེམས་མཐུན་པའི་ལོ་རྒྱུས་ཤིག་བྲིས་ཆོག །

ཁྱེད་ནི་སྔོན་མོ་ཆུ་ཡི་སྣག་ཚ་དེ་ཡིན་ན། །

ང་རང་འབད་བརྩོན་བརྟན་པའི་སྨྱུ་གུ་རུ་འགྱུར་འདོད། །

པིར་སྣག་འབྲེལ་བའི་རིག་པའི་ཤེས་སྟོབས་དེ་འཕེལ་ན། །

ཤོག་དཀར་ཐང་ན་ཡིག་ནག་དམ་ཚིག་ཞིག་བྲིས་ཆོག །

ཁྱེད་ནི་གཤིས་རྒྱུད་འཇམ་པའི་གཡང་དཀར་དེ་ཡིན་ན། །

ང་ནི་སྤང་ལྗོངས་སྟེང་གི་རྩི་ཐོག་ཅིག་ཡིན་འདོད། །

གཡང་དཀར་སྤང་ལ་རྩེན་པའི་བདེ་སྐྱིད་ཅིག་བྱུང་ན། །

ལས་དབང་བཟང་པོས་འདུས་པའི་བསྔོ་སྨོན་ཞིག་བཏབ་ཆོག །

ཁྱེད་ནི་ཁང་བཟང་གྲུ་བཞིའི་གདུང་མ་དེ་ཡིན་ན། །

ང་ནི་གྲལ་ལ་བསྟར་བའི་ལྕམ་ཤིང་དེ་ཡིན་ཆོག །

ལྕམ་དང་གདུང་མ་བཞིན་དུ་གཤིབ་རྒྱུ་ཞིག་བྱུང་ན། །

ཆུ་དང་རྩམ་པས་གསོས་ཀྱང་འགྱོད་པ་ཞིག་མེད་དོ། །

ཁྱེད་ཉིད་སྦྲ་ནག་གྲུ་བཞིའི་པང་ཁ་རུ་འཚོ་ལ། །

ང་རང་ལྷ་ལྡན་གྲོང་ན་ཕུགས་བསམ་ལ་སྙེགས་འོང་། །

བརྗེད་དཀའ་ཟེར་ཡང་ཁྱེད་ཀྱི་འཛུམ་ཞལ་དེ་ཡིན་ལ། །

དྲན་སླ་ཟེར་ཡང་ཁྱེད་ཀྱི་མཛེས་སྡུག་ལས་མེད་དོ། །

སྐྱེས་མཐའ་འཆི་བ་འཇིག་རྟེན་ཆོས་ཉིད་ཅིག་ཡིན་ཟེར། །

འདུས་མཐའ་བྲལ་བ་མི་རྟག་དངོས་པོ་ལས་མེད་ཟེར། །

གསོན་ན་ཁྱེད་ལ་བྲིས་པའི་སྙིང་གཏམ་ནི་འདི་ཡིན། །

འཆི་ན་ཁྱེད་ལ་བཞག་པའི་ཁ་ཆེམས་ཀྱང་འདི་ཡིན། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明