ཟླ་8ཚེས་12ཉིན་རང་སྐྱོང་ལྗོངས་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་དང་རང་ལྗོངས་ཀྱི་མི་རིགས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། རང་སྐྱོང་ལྗོངས་མི་རིགས་མི་རིགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཏུང་མེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2026ལོའི་ཟླ་7ཚེས་1ཉིན་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》དངོས་སུ་བཀྲམ་པས། རང་རྒྱལ་དུ་མི་རིགས་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་ཁྲོད་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་དོན་ཆེན་ཞིག་ཀྱང་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བཅའ་ཁྲིམས་དེ་ནི་རང་རྒྱལ་གྱི་མི་རིགས་མངའ་ཁོངས་ཀྱི་རྨང་གཞིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་ཀྱི་བཅའ་ཁྲིམས་ཐོག་མ་དེ་ཡིན་པ་རེད། རྩ་ཁྲིམས་ལས་རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་གཅིག་ཡིན་པ་དང་། གཏན་འབེབས་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ། རྒྱལ་ཁབ་ཀྱིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་གཅིག་གྱུར་དང་རྒྱལ་ཡོངས་མི་རིགས་ཁག་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་དམངས་ཀྱི་གཞི་རྩའི་འོས་འགན་ཡིན་པ་ཁ་གསལ་བཟོས་ཡོད། པུའུ་དེའི་བཅའ་ཁྲིམས་ཀྱིས་རྩ་ཁྲིམས་ཀྱི་རྩ་དོན་རང་བཞིན་གཏན་འབེབས་ཞིབ་ཕྲ་ཅན་དང་མ་ལག་ཅན་དུ་འགྱུར་བ་དེ་ནི་འབྲེལ་ཡོད་སྡེ་ཁག་གིས་རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དང་མི་རིགས་ལས་དོན་ཐག་གཅོད་བྱེད་པའི་རྩ་བའི་གཞི་འཛིན་ས་ཞིག་ཀྱང་ཡིན་པ་རེད།
རང་ལྗོངས་ནི་རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ལྗོངས་ལྔའི་གྲས་ཤིག་ཡིན་པའི་ངོས་ནས་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ། ལྷོ་པ་སོགས་མི་རིགས་50མཉམ་དུ་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་ཀྱི་ཡོད་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་རང་ལྗོངས་བརྒྱུད་བགྲོད་ཀྱིས“ལས་གྲྭ་ཆེན་པོ་བཞི”དང་“བྱ་སྤྱོད་ཁག་དྲུག་”ལག་བསྟར་ཤུགས་ཆེན་སྤེལ་བས་ལྗོངས་ཡོངས་ཀྱི་ས་ཁུལ་(གྲོང་ཁྱེར་)7གྱི་གསར་བཟོ་ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་(གྲོང་ཁྱེར་)དུ་གྱུར་ཡོད། རྫོང་(ཆུས་དང་གྲོང་ཁྱེར་)གྱི་གསར་བཟོ་38རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པར་གྱུར་པ་དེས་51%བཟུང་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། “མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཉམ་སྡོད་མཉམ་སློབ་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྱོད་ཀྱིས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ནས་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀར་ཕན་སྐུལ་ནུས་ལྡན་བྱས་ཡོད”ཅེས་ལིའུ་ཏུང་མེ་ཡིས་བཤད།
བསོད་བསྟན་གྱིས་བསྒྱུར།


