“གྲོགས་མོ”ཞེས་པའི་མིང་ཚིག་དེ་ཁྱོད་ཚོའི་ངོས་ནས་བཤད་ན་ཆ་རྒྱུས་མེད་པ་དེ་འདྲ་མ་ཡིན། སློབ་ཆུང་དུས་ན་ཡོད་དུས་གྲོགས་མོ་སྒྲིག་དུས་དགེ་རྒན་གྱིས་གང་ཡང་ཟེར་གྱི་མེད། ཡིན་ན་ཡང་སློབ་འབྲིང་ལ་སླེབས་དུས་གྲོགས་མོ་ཞེས་པ་དེ་ནི་ང་ཚོའི་ངོས་ནས་བཤད་ན་གཙོ་བོ་ཞིག་ཏུ་གྱུར་སོང་། དགེ་རྒན་གྱིས་ཉིན་ལྟར“གྲོགས་པོ་གྲོགས་མོ་ཡག་པོ་འཚོལ་དགོས”ཞེས་གྲོགས་མོས་ཁྱོད་ལ་ཤུགས་རྐྱེན་ཐེབས་སྲིད་ཚུལ་ལབ་ཀྱི་ཡོད་ལ། ཨ་ཕ་ཨ་མས་ཀྱང་དེ་ལྟར་ནན་བཤད་བྱེད། དེ་ནས་ང་སློབ་འབྲིང་ལ་སླེབས་དུས་གྲོགས་མོ་མང་པོ་ཞིག་ཡོད་པའི་ནང་ནས་གཙོ་གནད་ཁ་ཤས་ཤིག་ཡོད་པས། ཁོ་ཚོ་སོ་སོར་རང་ཉིད་ཀྱི་ཁྱད་ཆོས་དང་དགེ་མཚན་ཡང་ཡོད།
འཇིག་རྟེན་འདིའི་ཐོག་ལ་ངའི་ངོས་ནས་གྲོགས་མོ་མང་པོ་ཞིག་ཡོད་པ་ལས་བཀའ་དྲིན་ཆེ་ཤོས་ཀྱི་གྲོགས་མོ་ཞིག་ཡོད། མོ་རང་ནི་སློབ་སྦྱོང་ཡག་པ་མ་ཟད་ཀུན་སྤྱོད་ཀྱང་ཡག་པོ་ཡོད། མི་གཞན་ལ་རོགས་རམ་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད། ང་རང་བློ་ཁོག་དེ་ཙམ་མེད་པས་དཀའ་ངལ་གང་འཕྲད་ཀྱང་མོས་རོགས་རམ་བྱེད་པ་དང་། སེམས་པ་སྡུག་དུས་མོ་རང་རྟག་པར་ངའི་སར་ཡོང་ནས་ང་ལ་སེམས་གསོ་བྱེད་ཀྱི་ཡོད། མོ་དང་ང་གཉིས་ངོ་ཤེས་ནས་ལོ་གསུམ་ཕྱིན་སོང་། མོ་རང་འཛིན་གྲྭར་ཡོད་སྐབས་སློབ་མ་ཚང་མས་དགའ་པོ་ཞེ་དྲག་བྱེད་ཀྱི་ཡོད། མོ་རང་ལུས་རྩལ་ཡང་བྱང་ཆུབ་པོ་ཡོད། གཞོན་ནུའི་དུས་ཆེན་གྱི་ལུས་རྩལ་འགྲན་བསྡུར་དུས་སུ་འགྲན་ཞུགས་པའི་ཁྲོད། སྐབས་རེ་ཨང་རིམ་མཐོན་པོ་འགའ་ལེན་ཐུབ། བྱ་སྒྲོའི་སྤོ་ལོ་ནི་མོ་རང་ཆེས་དགའ་ཤོས་ཀྱི་ལུས་རྩལ་རིགས་ཤིག་ཡིན། སློབ་གསེང་སྐབས་སུ་སློབ་གྲྭའི་གྲུ་ཟུར་གང་རུང་ནས་མོ་རང་སློབ་གྲོགས་འགའ་དང་བྱ་སྒྲོའི་སྤོ་ལོ་རྒྱག་བཞིན་པ་ཡང་ཡང་རིག་རྒྱུ་ཡོད། ད་དུང་མོ་རང་གི་ཆེས་ཆེད་དུ་མཁས་པའི་ཡོན་ཏན་ནི་བོད་ཡིག་རྩོམ་ཡིག་འབྲི་རྒྱུ་དེ་ཡིན། མོ་རང་གིས་བྲིས་པའི་རྩོམ་ཡིག་གང་འདྲ་ཞིག་ཡིན་རུང་ངས་ཀློག་སྐབས་ང་རང་ཧང་སངས་པར་བྱེད། ངའི་ངོས་ནས་བཤད་ན་མོ་རང་ནི་མི་ཤེས་པ་གང་ཡང་མེད་པ་ཞིག་ཏུ་འདོད་ཀྱི་ཡོད་པས། རང་ཉིད་ཀྱང་ཁོ་མོ་ནང་བཞིན་ཞིག་ཏུ་ཆགས་ན་ཅི་མ་རུང་སྙམ་གྱི་ཡོད། མོ་ནི་ངའི་གྲོགས་མོ་ཙམ་མ་ཟད་མིག་དཔེ་བལྟ་ས་ཡག་པོ་ཞིག་ཀྱང་ཡིན། མོའི་མིང་ལ་བསམ་སྐྱིད་སྒྲོལ་མ་ཟེར། ཐོག་མར་ངེད་གཉིས་འཛིན་གྲྭ་གཅིག་པ་ཡིན་མོད། ལོ་རིམ་བརྒྱད་པར་སླེབས་སྐབས་འཛིན་གྲྭ་དཀྲུགས་སོང་བས་ད་ལྟ་མོ་རང་འཛིན་གྲྭ་བརྒྱད་པར་ཡོད། འོན་ཀྱང་ངེད་གཉིས་ཀྱི་བར་གྱི་འབྲེལ་བ་ད་བར་ཆད་མྱོང་མེད།
གདོང་ལ་དམར་མདངས་ལྡན་པ་དང་། འཛུམ་གྱི་མར་ཁུ་འཁྱིལ་བའི་གྲོགས་མོ་དེ་ནི་གྲུ་འཛིན་ཚེ་གཡང་ཡིན། མོ་རང་སློབ་སྦྱོང་འབྲིང་ཙམ་ཡོད་པ་དང་། ངེད་གཉིས་སྐྱེ་དངོས་དང་ས་ཁམས་ཀྱི་ཡིག་ཚད་སྐབས་སུ་འདྲིས་པོ་གྱུར་པ་རེད། མོ་དེ་དུས་ཡིག་ཚད་ཡག་པོ་བཏང་མེད་པས་སེམས་སུ་ཕངས་སྣང་ཞེ་དྲག་བྱེད་ཀྱི་འདུག ལོ་རིམ་གསུམ་པར་སླེབས་པ་ནས་བཟུང་མོ་རང་སྔོན་དང་བསྡུར་ན་ཡར་རྒྱས་ཆེན་པོ་ཕྱིན་ཡོད། མོ་རང་སློབ་ཚན་དུས་ལ་ལན་འདེབས་པ་དང་། ནན་ཏན་གྱིས་ཉན་པ་སོགས་བྱེད་པས་དེ་ཡང་ངའི་ངོས་ནས་སློབ་སྦྱོང་བྱེད་ས་ཞིག་ཡིན། མོ་རང་ནི་སྙིང་སྟོབས་ལྡན་པའི་མི་ཞིག་རེད། རིག་ཚན་ཁག་ལས་སྦྱངས་འབྲས་བཟང་ཤོས་ནི་དབྱིན་ཡིག་ཡིན། དབྱིན་ཡིག་སློབ་ཚན་སྐབས་སུ་མོ་རང་ནམ་རྒྱུན་ལས་ནན་ཏན་དང་ཧུར་བརྩོན་ཆེ་བ་ཡོད། གཟུགས་པོ་རིང་པོ་ཡོད་ཙང་ལག་རྩེད་སྤོ་ལོ་ནི་མོའི་དགའ་ཤོས་ཀྱི་རྩེད་མོ་ཡིན།
ངའི་གྲོགས་མོ་གཞན་ཞིག་ནི་ཞལ་རས་གངས་ལྟར་དཀར་ལ་གཤིས་རྒྱུད་ནི་བལ་ལས་འཇམ་པའི་བཀྲ་ཤིས་སྒྲོལ་མ་རེད། མོ་རང་ནི་རྒྱ་ཡིག་གི་ཡིག་གཟུགས་ཡག་པོ་ཡོད་པ་མ་ཟད། བོད་ཡིག་ཡིག་གཟུགས་ཀྱང་ཡག་པོ་ཡོད། ངེད་གཉིས་ངོ་ཤེས་ནས་ལོ་གཅིག་ཙམ་ཕྱིན། མོ་རང་སློབ་སྦྱོང་ཡག་པོ་ཡོད། ངེད་གཉིས་དུས་རྒྱུན་སློབ་གསེང་སྐབས་མཉམ་དུ་སློབ་སྦྱོང་བྱེད་ཀྱི་ཡོད། མོ་རང་རིག་ཚན་ཚང་མ་ལ་དགའ་པོ་ཡོད། དེའི་ནང་ནས་ཧ་ལམ་ཡག་ཤོས་དབྱིན་ཡིག་ཡིན་པས། དབྱིག་ཡིག་གི་རིག་ཚན་འགན་ཁུར་ཨུ་ཡོན་ཡིན། མོ་རང་འཛིན་གྲྭའི་ནང་ང་དང་བློ་ཐག་ཉེ་ཤོས་ཀྱི་གྲོགས་མོ་རུ་གྱུར་ཡོད།
“གྲོགས་བཟང་པོ་སྨན་གྱི་ལྗོན་ཤིང་རེད། གྲོགས་ངན་དུག་གི་སྡོང་པོ་འདྲ་”ཅེས་པ་བཞིན། མཇུག་ཏུ་ངས་གྲོགས་མོའི་བར་གྱི་བརྩེ་བ་ནམ་ཡང་བར་ཆད་མེད་པ་དང་། སང་ལོ་ཚང་མ་རང་རང་འགྲོ་འདོད་སའི་མཐོ་འབྲིང་དེར་ཡིག་རྒྱུགས་འཕྲོད་པའི་སྨོན་འདུན་སྙིང་ནས་ཞུའོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།


