དུས་ཚོད་ནི་ལག་པས་འཛིན་མི་ཐུབ་པའི་བྱེ་མ་དང་འདྲ་ཞིང་། ཤེས་མེད་ཚོར་མེད་ངང་ལོ་གསུམ་གྱི་དམའ་འབྲིང་དུས་ཚོད་ནི་ཉུང་ངུ་ཞིག་ལས་ལྷག་མ་སོང་། ད་ལྟ་ང་རང་དམའ་གསུམ་གྱི་སློབ་མ་ཞིག་ཡིན་ལ། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནི་ངའི་དམའ་འབྲིང་གི་མི་ཚེའི་ཁྲོད་ཀྱི་ལུས་རྩལ་འགྲན་ཚོགས་མཐའ་མ་དེའང་ཡིན།
དྲན་ཤེས་ཀྱི་སྒོ་ཆུང་ཆེ་ཆེར་འབྱེད་སྐབས། ངའི་མིག་མདུན་དུ་ལོ་ངོ་གཉིས་ལྷག་གོང་གི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་པ་དེ་གཟུགས་བརྙན་བཞིན་འཆར་ཡོང་། སྐབས་དེར་ངས་ལྭ་བའི་ཟུར་སྣེ་ནས་བཟུང་སྟེ་རྨི50ཡི་རྒྱུག་ལམ་སྟེང་དུ་ལངས་ནས་ཤན་འབྱེད་དགེ་རྒན་གྱི་ཕྱག་གི་མེ་མདའི་སྒྲ་ལ་སྒུག་བཞིན་པའི་སྐབས། རྐང་པ་འདར་སིལ་བརྒྱབ་ནས་རྡུང་ཁ་བརྒྱབ་པའི་ཤ་བ་ཞིག་གི་སུག་པ་བཞིན་ཚུགས་ཐུབ་ཀྱི་མེད།
ད་ལོའི་ལུས་རྩལ་འགྲན་ཚོགས་གི་དུས་ཡུན་ནི་ཉིན་གསུམ་ཡིན་པས། སྔོན་ཆད་ལས་ཉིན་གཅིག་གིས་མང་བ་ཡོད། སློབ་གྲྭས་འཛིན་གྲྭ་རེར་སློབ་མ་བཞི་བཅུ་ལྷག་ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ཐོག་ཏུ་མཉམ་ཞུགས་ཐུབ་རྒྱུའི་རེ་བ་བཏོན་པས། ཐོག་མའི་འཆར་གཞི་བྱས་ན། ང་རང་གི་དགེ་མཚན་བཞིན་རྨི50འམ100ཡི་ཐུང་རྒྱུག་འགྲན་སྡུར་དུ་ཐོ་འགོད་བྱེད་རྩིས་ཡོད་མོད། འཛིན་གྲྭའི་ནང་ལ་རྨི800དང་རྨི1000རིང་རྒྱུག་ལ་མིང་ཐོ་འགོད་མཁན་མེད་པས། མཐའ་མར་ལུས་རྩལ་རྒྱུགས་འབྲས་ལ་གཞིགས་ནས་བཀོད་སྒྲིག་བྱས་པས། ང་ཚོའི་འཛིན་གྲྭའི་རིང་རྒྱུག་གི་རྒྱུགས་འབྲས་ཆེས་བཟང་བའི་སློབ་མ་གཉིས་ཡོད་པ་གཅིག་རྨི1000གི་རིང་རྒྱུག་ལ་ཐོ་བཀོད་པ་དང་། ཅིག་ཤོས་ཏག་ཏག་དགོངས་པ་ཞུས་པས། ང་རང་འཛིན་གྲྭའི་ནང་ནས་ཨང་གསུམ་པ་ཡིན་པའི་ངོས་ནས་རྨི800 དེ་མ་རྒྱུག་རང་རྒྱུག་ཡིན་པས་ང་རང་ལ་ཡང་འདེམ་ཀ་བྱེད་དབང་ག་ལ་ཡོད། མ་གཞི་རྨི800རྒྱུག་འགྲན་འདིར་ང་སྔོན་ཆད་བཞིན་དངངས་སྐྲག་ཆེན་པོ་མི་སྐྱེ་ན་ཡང་། ལུས་རྩལ་འགྲན་ཚོགས་འགྲན་ལ་ཉེ་བའི་སྔོན་སྦྱོང་གི་ཉིན་མོ་དེར་ལྗོངས་གཟིགས་སྟེགས་བུའི་ཐོག་ནས་ལུས་རྩལ་ར་བར་ལྟ་སྐབས། གློ་བུར་དུ་སེམས་སུ་དངངས་སྐྲག་བརྗོད་མི་ཤེས་པ་ཞིག་སྐྱེས། ཉིན་གཅིག་གཉིས་རྗེས་ལ་ང་རང་ཡང་མི་མང་གི་མཐོང་ལམ་ནས་ཐང་ཆེན་དེའི་ཐོག་རྨི800ཡི་རྒྱུག་འགྲན་གློད་དགོས་སྙམ་ནས། བཟོད་དཀའ་བའི་སྐྱོ་སྣང་དབང་གིས་མིག་ཆུ་ཡང་འཆོར་ལ་ཁད་བྱས་བྱུང་།
ལུས་རྩལ་འགྲན་ཚོགས་ཀྱི་ཉིན་དང་པོ་རུ་སྟར་གྲུ་བཞི་འགྲོ་སྐབས་ང་ཚོའི་འཛིན་གྲྭའི་སློབ་མ་ཚང་མ་བོད་ཆས་གྱོན་དགོས་པས། ཉིན་དེའི་ཞོགས་པར་སློབ་མ་ཚང་མ་སྔ་པོ་ནས་ལངས་འདུག ཐ་ན་ནམ་རྒྱུན་ལངས་འཕྱི་ཤོས་ཀྱི་སློབ་མ་དེ་ཚོ་དེ་ཉིན་ཉལ་ཁང་དོ་དམ་དགེ་རྒན་གྱིས་བོས་མ་ཐག་ཡར་ལངས་པ་ལས་སྒྱིད་ལུག་ངང་ཉ་བེ་ཉོབ་བེ་བྱེད་མཁན་གཅིག་ཀྱང་མེད། བོད་ཆས་གྱོན་དུས་སྐེད་རགས་འཆིང་ཁག་པོ་ཡོད་པས། སློབ་མ་གཉིས་གསུམ་ཞིག་མ་གཏོགས་གཞན་ཚོས་སྐེད་རགས་འཆིང་ཤེས་ཀྱི་མི་འདུག ཁོང་ཚོ་ཁོ་ནར་བརྟེན་ན་དུས་ཚོད་རིང་པོ་ཞིག་འགོར་འགྲོ་བས། མཇུག་མཐར་སློབ་མ་ཕུན་ཚུན་གྱིས་འཆིང་རེས་བྱས་པ་དང་། ཉལ་ཁང་དོ་དམ་རྒན་ལགས་ཀྱི་ཕྱག་རོགས་སོགས་ལ་བརྟེན་ནས་གྱོན་ཆས་གྱོན་ཐུབ་ཙམ་བྱུང་། དགོད་བྲོ་བ་ཞིག་ལ། སློབ་མ་བུ་ཚོ་ནི་གཟབ་མཆོར་སྤྲས་མ་ཤེས་པར་ཁ་ཤས་སྦོ་ལུག་ཏུ་འདུག་ཅིང་། ལ་ལ་ནི་གྱེན་ལ་བསྟུང་དྲགས་པ་སོགས་ཆ་མ་སྙོམས་པར་འཆིང་མཁན་དུ་མ་ཞིག་སྣང་། ལ་ལ་ནི་རྗེས་ལ་བཟོ་བཅོས་ཅུང་ཟད་བྱས་སོང་ལ། འགའ་ཤས་ནི་སྔར་གྱི་རྣམ་པ་དེ་རང་བྱས་ནས་རུ་སྟར་དུ་ཞུགས།
འཛིན་གྲྭའི་རུ་སྟར་འགྲོ་སྐབས་དམའ་གསུམ་གྱི་འཛིན་གྲྭའི་ནང་དུ་ང་ཚོའི་འཛིན་གྲྭ་མ་གཏོགས་འཛིན་གྲྭ་གཞན་བོད་ཆས་གྱོན་མཁན་མི་འདུག་པས། སེམས་སུ་སྤོབས་པ་ཅུང་ཟད་སྐྱེས་བྱུང་། ཉིན་གསུམ་གྱི་ལུས་རྩལ་འགྲན་ཚོགས་རིང་སྐྱིད་པོ་ཞེ་དྲག་བྱུང་། སློབ་གྲོགས་ཚོས་འཛིན་གྲྭའི་གཟི་བརྗིད་སླད་དུ་དཀའ་སྤྱད་འབད་འཐབ་བྱས་པས་འཛིན་གྲྭ་ཐུན་མོང་ལ་བྱ་དགའ་མང་པོ་ཐོབ་སོང་། དེས་ང་ཚོར་བློ་ཡིད་མ་ཚིམས་པ་ཅི་ཡང་མ་བྱུང་མོད། སློབ་མ་ཚོས་ལུས་རྩལ་འགྲན་ཚོགས་སྐབས་སུ་རོལ་དབྱངས་སམ་ཞབས་བྲོའི་དགོང་ཚོགས་ཤིག་སྤེལ་ན་བསམ་བའི་རེ་བ་དེ་དོན་སྨིན་མ་བྱུང་བར་ཕངས་སྣང་ཅུང་ཟད་ཡོད་པ་ཙམ་རེད། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༡༨)
ཟུར་ཁྲིད་དགེ་རྒན། དགའ་བཟང་།


