http://zw.xzqnb.cn/Content/weixinlogo.png
སྔོན་མ་ང་ཚོ་འབྲི་རུ་རྫོང་སློབ་འབྲིང་དང་པོ་དང་སློབ་འབྲིང་གཉིས
http://zw.xzqnb.cn/m/content/2026-07/03/001865.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །མུན་ཁྲོད་ཀྱི་འོད་ཟེར།

དངོས་སྒྲུབ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་བཏོད་པ།

༄༅། །གཞི་ནས་སློབ་གྲྭ་གསར་པར་སྤོས།

等待处理…

༄༅། །གཞི་ནས་སློབ་གྲྭ་གསར་པར་སྤོས།

作者 བསོད་ནམས་སྒྲོལ་སྐྱིད།
2026年07月03日

སྔོན་མ་ང་ཚོ་འབྲི་རུ་རྫོང་སློབ་འབྲིང་དང་པོ་དང་སློབ་འབྲིང་གཉིས་པ་གཉིས་ལྷན་དུ་ལྕམ་རམ་གྲོང་ཚོའི་འདབས་ཀྱི་ནག་ཆུ་སྔོན་མོའི་བྱང་ངོགས་སུ་སློབ་ར་གཅིག་པ་བྱས་ནས་ལོ་གསུམ་ལྷག་སྡོད་མྱོང་བ་འདྲ། དེ་ནས་རྗེས་སུ་སློབ་འབྲིང་དང་པོ་དེ་ནས་སྤོས་ཏེ་སློབ་ཆུང་གསུམ་པ་ཡོད་སར་སྤོས་པ་དང་། སློབ་ཆུང་གསུམ་པ་སླར་ཡང་སློབ་འབྲིང་གཉིས་པ་དང་ལྷན་དུ་སློབ་ར་གཅིག་གི་ནང་དུ་བསྡད། སློབ་འབྲིང་དང་པོ་དང་གཉིས་པ་གཉིས་ཅིའི་ཕྱིར་སྒོ་ར་གཅིག་ཏུ་མི་འདུག་དོན་ངས་མི་ཤེས། རྗེས་ཀྱི་ལོ་བཞིའི་རིང་སློབ་འབྲིང་དང་པོ་ལ་གཞི་ནས་སློབ་མའི་ཤོང་ཚད་ཚད་གཞི་ལོན་པའི་སློབ་གྲྭ་ཞིག་བཟོ་ཐུབ་པར་གྱུར།

སློབ་གྲྭ་གསར་པར་མ་སྤོས་གོང་གི་ཉིན་ཁ་ཤས་ནང་འཛིན་བདག་གིས་རྟག་པར་ང་ཚོར་རྩེད་མཚར་དང་སྦྲགས། “སློབ་གྲྭ་གསར་པ་ཆེན་པོ་ཡོད་རྐྱེན། ད་ནས་བཟུང་ཁྱོད་ཚོ་དཔུང་པ་དང་དཔུང་པ་བརྡར་ཏེ་འགྲོ་མི་དགོས་པས། ཕན་ཚུན་རྒྱག་རེས་ཤོར་དོགས་ཀྱང་ཡོད་ཀྱི་མ་རེད”གསུངས་བྱུང་། དེ་ནས་བཟུང་ངས་རྟག་པར་སློབ་གྲྭ་གསར་པ་དེ་གང་འདྲ་ཞིག་ཡོད་དམ་སྙམ་པས་འཆར་རྟོག་གི་ཀློང་དུ་ཚུད་མྱོང་།

ཟླ9པའི་ཚེས19ཉིན་ང་ཚོ་དངོས་སུ་སློབ་གྲྭ་གསར་པར་སླེབས་བྱུང་། སློབ་གྲྭ་གསར་པ་ནི་རྒྱ་ཆེ་ཞིང་ཐོག་བརྩེགས་ཀྱི་ཁང་པ་ཧ་ཅང་མང་། སློབ་གྲོགས་ཚང་མའི་ལག་པར་གསང་སྒམ་རེ་དྲུས་ནས་སོ་སོའི་ཉལ་ཁང་འཚོལ་དུ་སོང་། སྐར་ཉི་ཤུ་ཙམ་བསྐྱོད་རྗེས་ང་རང་ཡང་རང་གི་ཉལ་ཁང་དུ་འབྱོར། དེ་དུས་ང་ཚོའི་ཉལ་ཁང་གི་སློབ་མ་གཉིས་ལས་སླེབས་མི་འདུག ཉལ་ཁང་དུ་སླེབས་རྗེས་ད་དུང་ཨ་མ་མཉམ་དུ་ཉལ་ཁྲིའི་སྒང་ལ་ངལ་གསོ་དང་སྦྲགས་འཁྱུག་ཙམ་བསྡད་པ་ཡིན། དེ་ནས་པཱ་ལགས་དང་ཨ་མ་ལགས་ནང་དུ་ལོག་སོང་། ངས་ཁ་པར་འཛིན་བདག་གི་ལག་ཏུ་བཅོལ་རྒྱུ་བྱས་ནས་རང་གི་ལག་པར་ཉར་བ་ཡིན། ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས་སུ་ཚེ་རིང་ལྷ་སྐྱིད་དང་། བསྟན་འཛིན་དུང་མཚོ། ཨ་ཆེ་བསམ་མེད་བཅས་རིམ་པས་སླེབས།

ང་ཚོ་ཉལ་ཁང་ནང་དུ་སྐད་ཆ་ཤོད་ཀྱིན་དང་ཁ་པར་ལྟ་གིན་དུ་བསྡད་པ་ཡིན། གློ་བོར་དུ་ཕྲུ་གུ་ཚང་མ་བྲོས་ཡོང་ནས“རྒན་པདྨ་ཡོང་གི་འདུག རྒན་པདྨ་ཡོང་གི་འདུག”ཟེར། རྒན་པདྨ་སླེབས་པ་དང་ང་ཚོ་ཚང་མ་མཉམ་དུ་རུབ་ཡོད་པ་མཐོང་ནས་ཁུག་མ་བསྔོགས་སོང་། དེའི་རིང་ངས་ཁ་པར་ལམ་སེང་ཕོ་ཁེབས་ཀྱི་སྲུབས་སུ་སྦས་པ་ཡིན། ཁུག་མའི་ནང་ནས་སྒྲིག་འགལ་གྱི་དངོས་པོ་གང་ཡང་མ་ཐོན་པས་ཐད་ཀར་ངའི་ཉལ་ཁྲིའི་ཐོག་གི་ཕོ་ཁེབས་གྱེན་ལ་བཀྱག ང་སྐྲག་ཐག་ཆོད་ནས་ཅི་ཞིག་བྱེད་དགོས་མིན་མ་ཤེས་པའི་སྐབས་དེར་ཁོང་གིས་ཕོ་ཁེབས་འོག་ཏུ་བལྟས་པ་ལས་སྲུབས་ལ་བལྟས་མ་སོང་། ཁོང་སྒོ་ཐོན་རྗེས་ངའི་སྙིང་གི་འཕར་ཤུགས་གཞི་ནས་ཇེ་དལ་དུ་ཕྱིན། དེ་ནས་དུས་ཚོད་ཀྱང་གང་འཚམ་སླེབས་པས་ང་ཚོ་སློབ་ཁང་གི་ཕྱོགས་སུ་འཛིན་ཚོགས་འཚོགས་པར་བསྐྱོད། སྔར་རྒྱུན་བཞིན་འཛིན་བདག་གིས་སློབ་མ་ཚོར་སྲུང་བརྩི་ཞུ་འོས་པའི་བླང་བྱ་གང་དག་ཡོད་པ་ནན་བཤད་བྱས་ཤིང་། སློབ་གྲྭ་གསར་པར་རྣམ་པ་གསར་པ་འཁྱེར་དགོས་པའི་བསླབ་བྱ་གནང་རྗེས་འཛིན་ཚོགས་ཀྱང་གྲོལ།

དེ་ལྟར་སློབ་གྲྭ་གསར་པར་སླེབས་ནས་ཉིན་གཅིག་གཉིས་ཕྱིན་སོང་། ངས་ད་དུང་སློབ་གྲྭའི་ཁོར་ཡུག་ལ་ཆ་རྒྱུས་མཐིལ་ཕྱིན་པ་ལོན་མེད། སྐབས་རེ་ཉལ་ཁང་དུ་ལོག་སྐབས་འཁྲུལ་ནས་བུའི་ཉལ་ཁང་དུ་ཡང་འཛུལ་གྲབས་བྱེད། སློབ་གྲྭ་རྙིང་པར་སྡོད་སྐབས་ང་ཚོའི་ཁོར་ཡུག་ཆུང་དྲགས་པས། རྟག་པར་མགྱོགས་ཙམ་སྤོས་སོང་ན་བསམ་གྱི་ཡོད། དེའི་རྒྱུ་མཚན་ནི་འཛིན་བདག་གིས་སློབ་གྲྭ་གསར་པ་ཆེ་བའི་ཆེ་རབས་དང་། བློ་འཛིན་ངག་སྐྱོར་གྱི་ཁོར་ཡུག་ཤིན་ཏུ་རྒྱ་ཡངས་པ་བཤད་པས་ཡིན།

སློབ་གྲྭ་སྤོས་རྗེས་ང་ཚོ་ལོ་རིམ་གསུམ་པར་སླེབས་ཟིན་པས། འགག་རྩའི་དུས་སྐབས་ལ་སླེབས་པ་མཚོན། ང་ཚོ་ནི་སློབ་གྲྭ་གསར་པ་ལས་ཐོན་པའི་སློབ་མ་དང་པོ་ཡིན་པས། སློབ་སྦྱོང་ལ་འབད་བརྩོན་བྱེད་རྒྱུ་ནི་མ་ཡུམ་སློབ་གྲྭ་ལ་དྲིན་ལན་འཇལ་བའི་ཐབས་ཤེས་བཟང་ཤོས་དེ་ཡིན། དེར་བརྟེན། ང་ཚོས་ངེས་པར་དུ་སློབ་གྲྭ་འདིའི་རྟེན་འབྲེལ་གྱི་སྒོ་མོ་དང་པོ་རྒྱལ་ཁའི་ངང་ལེགས་པོ་ཞིག་འབྱེད་ཐུབ་པར་འབད་བརྩོན་བྱེད་དགོས། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博