དཔེ་དེབ་ཀློག་པ་ནི་སྒྲོན་མེའི་འོད་སྣང་ལ་བརྟེན་པ་དང་འདྲ་བར་སེམས་གཏིང་གི་སྨུག་པ་དྭངས་ནས་རབ་རིབ་ཀྱི་མདུན་ལམ་གསལ་བར་བྱེད། དེ་རིང་ངས་ཚང་མར་ང་ལ་སེམས་འགུལ་ཆེན་པོ་ཐེབས་པའི་དཔེ་དེབ་གཅིག་མཉམ་སྤྱོད་བྱེད་འདོད་པའི་དེབ་ནི«མ་རིག་པའི་མིག མུན་སེལ་གྱི་སེམས»ཞེས་པ་འདི་ཡིན།
ཐོག་མར་ངས་ཁོང་ལ་བཅར་འདྲི་ཞུས་ཏེ་ཡི་གེར་འབེབས་མཁན་བོད་ལྗོངས་རྫ་ཡུལ་ནས་ཡིན་པའི་ཁམས་པའི་བརྙན་འཕྲིན་ལས་ཁུངས་ཀྱི་དེ་སྔའི་རྩོམ་སྒྲིག་འཁྲབ་ཁྲིད་པ་བློ་བཟང་དགེ་ལེགས་དང་། དེབ་འདིའི་ནང་གི་འདྲ་པར་པར་ལེན་པ་ཁྲེ་ཀང་། བོད་ཡིག་ཏུ་སྒྱུར་མཁན་ཀརྨ་དང་པདྨ་བཀྲ་ཤིས་སོགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གལ་སྲིད་ཁོང་ཚོའི་དང་བླངས་ཀྱི་སྙིང་སྟོབས་མེད་ན། རྒན་ཉི་མ་དབང་འདུས་ལགས་ཀྱི་ངོ་མཚར་གཏམ་རྒྱུད་དག་ང་ཚོས་དཔེ་དེབ་བརྒྱུད་ནས་ཤེས་ཐབས་བྲལ། །
དེབ་འདིའི་ནང་སྙན་ངག་གི་རྒྱན་དང་མངོན་བརྗོད་ཀྱི་མིང་མེད་པར་བདེན་པ་བདེན་ཐུབ་དང་། ལྷག་བསམ་ཟོལ་མེད་ཀྱི་ཡི་གེའི་ཐོག་ནས་ཉི་མ་དབང་འདུས་ཀྱི་འཚར་ལོངས་བརྒྱུད་རིམ་རེ་རེ་བཞིན་བྲིས་ཏེ། ལོང་བའི་གཞོན་ནུ་དེ་ཇི་ལྟར་བྱས་ནས་གོམ་པ་རེ་རེ་བཞིན་མུན་ནག་ནས་ཐོན་ཏེ་འོད་ཟེར་གྱི་ཕྱོགས་སུ་བསྐྱོད་པ་བྲིས་འདུག་པས་དེས་ཀློག་པ་པོའི་སེམས་ནང་བག་ཆགས་ཟབ་པོ་འཇོག་ཐུབ།
གཤམ་ལ་ངས་དངོས་སུ་དེབ་འདིའི་ནང་དོན་ལྷན་རྒྱས་ལ་མཉམ་སྤྱོད་ཞུ་རྒྱུ་ཡིན། ཉི་མ་དབང་འདུས་སྐྱེས་ནས་ཟླ་བ་གསུམ་སོང་མ་ཐག་མིག་ཤེད་ནམ་ཡང་ཉམས། ཁོང་གིས་ཕ་མ་སྤུན་མཆེད་ཀྱི་རྣམ་པ་གཏན་ནས་མཐོང་མྱོང་མེད་ལ་ཕ་ཡུལ་གྱི་ཡུལ་ལྗོངས་ཀྱང་དེ་བས་མཐོང་མྱོང་མེད། ཐ་ན་འཇིག་རྟེན་འདིར་ཡོད་པའི་རྣམ་པར་བཀྲ་བའི་ཚོན་མདངས་དང་གཟུགས་དབྱིབས་སྣ་མིན་སྣ་ཚོགས་རྣམས་ཀྱང་ཁོང་གི་མིག་གིས་མཐོང་ཡུལ་དང་བྲལ། ང་ཚོའི་ངོས་ནས་བཤད་ན་དེ་ཚོ་ཚང་མ་ནི་རྒྱུན་ལྡན་གྱི་བྱ་དངོས་ཤིག་ཡིན། འོན་ཀྱང་ཁོང་གི་འཇིག་རྟེན་ཐོག་ཉི་འོད་དང་རྩྭ་ཕྲན། འགྲོ་ལམ། ནམ་མཁའ་སོགས་ཚང་མ་མུན་ནག་རེད། ཁོང་གི་བྱིས་དུས་འཚོ་བ་ནི་སྤོ་བོ་རྨོ་བོ་དང་གཅིག་ལ་གཅིག་བརྟེན་བྱེད་རྒྱུ་ལས་མ་འདས། མིག་གིས་མཐོང་མི་ཐུབ་ལ་ཕ་མའི་བྱམས་སྐྱོང་ཡང་མེད་པའི་ཕྲུ་གུ་ཞིག་གི་འཚོ་བ་ནི་ཇི་འདྲའི་དཀའ་ཚེགས་ཆེ་བ་མི་སུ་ཡིན་ཡང་བསམ་ཚོད་བྱེད་ཐུབ། རྐང་ཐང་ལ་སོང་ན་ཐང་ལ་འགྱེལ་སྲིད། ཕྱི་ལ་སོང་ན་ལམ་ནོར་སྲིད། གཞན་གྱིས་ད་དུང་མིག་མདངས་མི་འདྲ་བ་ཞིག་གིས་ཁོང་ལ་བལྟ་སྲིད། ཆུང་དུས་སུ་ཁོང་ཡང་རབ་རིབ་དང་སྡུག་བསྔལ་གྱིས་མནར་ཏེ་ཐ་ན་འཚོ་བར་རེ་ཐག་ཆད་མྱོང་། ཁོང་གིས་རང་ཉིད་མ་འོངས་པར་ཅི་ཞིག་བསྒྲུབ་དགོས་པ་མི་ཤེས། འོན་ཀྱང་ཁོང་གི་རྨོ་བོས་ཐོག་མཐའ་བར་གསུམ་དུ་ཁོང་ལ་བདག་སྐྱོང་སྐུལ་ལྕག་བྱས་ནས་ཁོང་ལ་མིག་གིས་མཐོང་མི་ཐུབ་ནའང་སྐྱོན་མེད། སེམས་ནས་མཐོང་ཐུབ་ན་འགྲིག་ཅེས་གསུངས་མྱོང་། སྐད་ཆ་དེ་ཉི་མ་དབང་འདུས་ཀྱི་སེམས་གཏིང་དུ་རྩ་ཆེན་པོར་བརྩིས་ནས་ངེས། ཁོང་གིས་ལས་དབང་ལ་མགོ་མི་སྒུར་བས་རྗེས་སུ་ཁོང་ལོང་བའི་སློབ་གྲྭར་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་། སློབ་གྲྭའི་ནང་ཁོང་གིས་མི་སུ་ལས་ཀྱང་བརྩོན་འགྲུས་ཆེ་བ་བྱེད། གཞན་གྱིས་སློབ་སྦྱོང་ཐེངས་གཅིག་བྱས་ན་ཁོང་གིས་ཐེངས་བཅུ་ཐ་ན་ཐེངས་བརྒྱ་ཡང་བྱེད་ཀྱི་ཡོད། སློབ་མ་གཞན་ངལ་གསོ་བརྒྱབ་ནས་སྡོད་སྐབས་ཁོང་གིས་ད་དུང་ལོང་ཡིག་ལ་སྦྱོང་བརྡར་ཡང་ཡང་བྱེད། མིག་གིས་དཔེ་དེབ་མཐོང་མི་ཐུབ་ན་ཡང་ཡིག་འབྲུ་རེ་རེ་བཞིན་ལག་པས་རེག་ནས་སྦྱངས། ནག་པང་གི་ཡི་གེ་མཐོང་མི་ཐུབ་ནའང་སོ་སོས་ཡིད་ལ་བརྟན་པོར་བཟུང་། ཁོང་དཀའ་སྡུག་ལ་གཏན་ནས་མི་སྐྲག་པས་ཡིད་ཐང་མི་ཆད་པར་འབད་བརྩོན་བྱས།
ལོ་མང་གི་རྗེས་སུ་ཉི་མ་དབང་འདུས་ཀྱིས་ཤེས་བྱ་ཕུན་སུམ་ཚོགས་པོ་ཤེས་པ་མ་ཟད་ད་དུང་བློ་བརྟན་འགྱུར་མེད་དང་སྤྲོ་སྣང་ཅན་གྱི་མི་ཞིག་བྱེད་དགོས་པ་ཤེས། དེ་ལྟར་ཉིན་རེའི་ཤེས་བྱ་གསོག་འཇོག་ནང་ཁོང་ནི་TEDཐོག་གཏམ་བཤད་སྤེལ་མཁན་གྱི་བོད་རིགས་ལོང་བ་ཐོག་མར་གྱུར། ཐ་ན་དེ་སྔོན་ཆིང་ཧྭ་སློབ་ཆེན་དང་ཀྲུང་གོ་མི་དམངས་སློབ་ཆེན། ཧཱ་ཧྥུའུ་གཙུག་ལག་སློབ་ཆེན་སོགས་རྒྱལ་ཕྱི་རྒྱལ་ནང་གི་གྲགས་ཅན་སློབ་གྲྭ་ཁག་གི་གར་སྟེགས་ཐོག་ལངས་ནས་དཀའ་ངལ་གྱི་གནས་སུ་ཡོད་པའི་མི་མང་པོར་རང་གི་གཏམ་རྒྱུད་བཤད་དེ་སྐུལ་མ་ཡང་ཡང་གནང་པས། སྤྱི་ཚོགས་ལ་ཕན་བདེ་སྐྲུན་མཁན་ཞིག་ཆགས།
ང་ཚོར་དཀར་ཆ་དོད་པའི་མིག་ཟུང་ཡོད་པས། གནམ་སྔོན་པོ་དང་རྩྭ་ཕྲན་ལྗང་གུ་མཐོང་ཐུབ་ལ་དཀར་ཆ་དོད་པའི་སློབ་ཁང་ནང་བསྡད་དེ་དཔེ་དེབ་བལྟས་ནས་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད། ང་ཚོར་བདེ་ཐང་གི་ལུས་པོ་ཡོད་ལ་ཕ་མའི་བྱམས་སྐྱོང་དང་དགེ་རྒན་གྱི་མཛུབ་སྟོན་སོགས་ཆ་རྐྱེན་ཆ་ཚང་འཛོམས་ཡོད། འོན་ཀྱང་མཚམས་རེར་ང་ཚོས་གཅེས་སྤྲས་བྱེད་མི་ཤེས་པ་སྟེ། སློབ་སྦྱོང་ལ་དཀའ་ངལ་ཕྲན་བུ་འཕྲད་ཚེ་སྒྱིད་ལུག་བྱེད་འདོད། བར་ཆད་ཕྲན་བུ་འཕྲད་ཚེ་འཁང་ར་བྱེད་པའི་གོམས་གཤིས་འཇགས། སེམས་སྐྱོ་བ་ན་སྡུག་རུས་མི་བྱེད་པར་ལམ་སེང་བློས་གཏོང་བྱེད། ཉི་མ་དབང་འདུས་ལགས་དང་བསྡུར་ན་ང་ཚོར་འཕྲད་པའི་དཀའ་ངལ་དེ་དག་གང་ལ་རྩི་དགོས་སམ། ཁོང་གིས་འཇིག་རྟེན་ཁམས་མཐོང་མི་ཐུབ་མོད། ང་ཚོ་མི་མང་པོ་ཞིག་ལས་རང་ཉིད་ཀྱི་འགྲོ་ལམ་གསལ་བ་ཤེས། ཁོང་གི་རླབས་ཆེ་བའི་སྙིང་སྟོབས་དེས་འཚོ་བར་སྤྲོ་སྣང་གིས་རོལ་མྱོང་བྱེད་ཐུབ་པ་མ་ཟད་མུན་ནག་གི་གནས་སུ་ཡོད་རུང་ནམ་ཡང་ཉི་མའི་ཕྱོགས་སུ་བསྐྱོད། ཁོང་གིས་རང་ཉིད་ཀྱི་དངོས་ཡོད་དང་ལེན་བྱས་ཏེ་འཚོ་བར་དགའ་ཞེན་བྱས་པ་དེས་མི་དེ་བས་མང་བར་མིག་དཔེ་བསྟོན་ཏེ་རོགས་རམ་བྱེད་ཐུབ་ཀྱི་ཡོད། ཁོང་གིས་ཚེ་འདིར་ངས་མུན་ནག་གི་ཁྲོད་དུ་འཚོ་བ་བསྐྱལ་ནས་བསོད་ནམས་བསགས་རྗེས་སྐྱེ་བ་ཕྱི་མར་ངས་འཇིག་རྟེན་འདི་མིག་གིས་ཡོངས་སུ་སྤྱོད་རྒྱུ་ཡིན་ཞེས་གསུངས། མིག་ལོང་བ་ནི་ཁོང་གི་སྐྱོན་ཆ་མིན་པར་དེ་ནི་ཐུན་མོང་མ་ཡིན་པའི་ཚེ་སྲོག་གི་ཁྱད་ཆོས་ཤིག་ཡིན་པ་ཁོང་གི་བླ་ན་མེད་པའི་གཤིས་རྒྱུད་ཀྱི་ཐོག་ནས་བདེན་དཔང་བྱས།
དཔེ་དེབ་འདིས་ང་ལ་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་བཟང་པོ་ཞིག་དགོས་པ་ཤེས་སུ་བཅུག་བྱུང་། གལ་ཏེ་མ་འོངས་པའི་ཉིན་ཞིག་ང་ཚོ་མུན་ནག་གི་ཁྲོད་དུ་གནས་ན་ཁོང་ལྟར་ལས་དབང་ལ་མགོ་མི་སྒུར་བའི་སེམས་ཤུགས་ཡོད་པ་གནང་རོགས་ཞུའོ། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༧(༤)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།


