
འདི་ནི་ལྷ་ས་གྲོང་ཁྱེར་གྱི“གུང་གཞོན་སྡེ་ཚོགས·རོགས་ཟླའི་འཆར་གཞིའི”མི་རིགས་མཐུན་སྒྲིལ་གྱི་སྤྲོ་སྣང་སློབ་ཚན་ཆུང་ཆུང་གི་ཡུལ་ངོས་ཡིན་པ་རེད།
ཉེ་ཆར་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱིས་པའི་བྱེད་སྒོ་ལྟེ་གནས་སུ་དྲོ་སྐྱིད་ལྡན་པ་དང་དགོད་སྒྲ་རྒྱུན་ཆད་མེད་པར་གྲགས། སྒྲོག་ཙེའི་མདུན་དུ་སྨྱུག་རྩེ་སིལ་སིལ་དུ་གྲགས་ཤིང་། སློབ་ཚན་ཆུང་ཆུང་ཞིག་གི་ཐོག་ནས་ལན་འདེབས་པའི་སྒྲ་གཅིག་ལ་གཅིག་བརྟེན་དུ་གྲགས་ཤིང་། ལུས་རྩལ་ཁུལ་དུ་ཐག་མཆོང་དང་ཐེ་པེད་རྡོ་བཀྱགས་པའི་གསོན་ཤུགས་རབ་ཏུ་རྒྱས་ཤིང་། གཞོན་ནུ་ལོ་ཆུང་35ཡིས་དེ་གར་ཕུན་སུམ་ཚོགས་ལ་སྤྲོ་སྣང་ལྡན་པའི་གཟའ་མཇུག་གི་ཚབ་གཉེར་དུས་ཚོད་བསྐྱལ་བ་རེད། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས“གུང་གཞོན་སྡེ་ཚོགས་·རོགས་ཟླའི་འཆར་གཞིའི”སློབ་ཚན་གྲོལ་རྗེས་རྒྱ་བསྐྱེད་ཀྱི་བྱེད་སྒོ་བྱམས་བརྩེའི་ངང་སྤེལ་བ་རེད། བསམ་བློའི་སྣེ་ཁྲིད་དང་སློབ་སྦྱོང་ཟུར་ཁྲིད། མཉམ་འགུལ་སྤེལ་རེས། ལུས་རྩལ་སྦྱོང་བརྡར་བཅས་གཞི་གཅིག་ཏུ་འདུས་པའི་དྲོ་སྐྱིད་ལྡན་པའི་ཚབ་གཉེར་བྱས་ནས་ཕྲུ་གུ་ཚོར་འཚར་ལོངས་ཡོང་རྒྱུའི“ལེགས་སྐྱེས་ཆེན་པོ”ཕུལ་བ་རེད།
“དགེ་རྒན་ལགས། རྩིས་རིག་གི་རྩིས་གཞི་དེ་ངས་དེ་ཙམ་ཤེས་ཀྱི་མི་འདུག” “དཔལ་འབར་དུས་ཆེན་ནི་དབྱིས་རིགས་ཀྱི་དུས་ཆེན་ཞིག་ཡིན་པ་ངས་ཤེས་ཀྱི་ཡོད”ཅེས་བྱེད་སྒོ་སྤེལ་ཡུལ་དུ་ཕྲུ་གུ་ཚོས་སྐབས་འགར་སྦྱོང་ཚན་ནན་ཏན་གྱིས་འབྲི་བ་དང་། སྐབས་འགར་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་དྲི་བ་དྲིས་ལན་ནང་ཧུར་ཐག་ཞུགས་པ། སྐབས་འགར་ལུས་རྩལ་ཐང་དུ་རྒྱུག་ཤར་གློད་དེ་བློ་རྩེ་གཅིག་སྒྲིམ་དང་དགའ་སྤྲོའི་རྣམ་འགྱུར་མངོན་ཡོད།
ལྷ་ས་གྲོང་ཁྱེར་སློབ་ཆུང་བརྒྱད་པའི་ལོ་རིམ་གཉིས་པའི་གྲོགས་པོ་ཆུང་ཆུང་སྐལ་བཟང་གིས“དེ་རིང་ངས་སྦྱོང་ཚན་ཚང་མ་བྲིས་ཚར་བ་མ་ཟད། ད་དུང་མི་རིགས་ཀྱི་གཏམ་རྒྱུད་མང་པོ་ཤེས་བྱུང་། ཐག་མཆོང་འགྲན་བསྡུར་ཡང་ཧ་ཅང་སྐྱིད་པོ་འདུག ཐེངས་རྗེས་མར་ང་ཞུགས་རྒྱུ་ཡིན”ཞེས་དགའ་སྤྲོའི་ངང་བཤད།
དེ་དང་འདྲ་བར་བསྟོད་བསྔགས་བྱེད་མཁན་ད་དུང་ཁྱིམ་བདག་ཚོ་ཡོད། “ནམ་རྒྱུན་གཟའ་མཇུག་ཏུ་ལས་ཀར་བྲེལ་བ་ཆེ་བས། ཕྲུ་གུར་ལྟ་རྟོག་བྱེད་མཁན་མེད་པ་དང་སྦྱོང་ཚན་ཟུར་ཁྲིད་བྱེད་མཁན་མེད་པ་ནི་ང་ཚོའི་སེམས་ཁྲལ་ཆེན་པོ་ཞིག་རེད།”ཁྱིམ་བདག་སྒྲོལ་མ་ལགས་ཀྱིས་“ཕྲུ་གུ‘རོགས་ཟླའི་འཆར་གཞིའི’ནང་བསྐྱལ་ན་བློ་བདེ་པོ་འདུག དགེ་རྒན་གྱིས་སློབ་ཚན་ཟུར་ཁྲིད་བྱེད་པ་དང་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་པས་ཕྲུ་གུ་སློབ་སྦྱོང་སྐྱིད་པོ་དང་བདེ་འཇགས་ངང་རྩེད་མོ་རྩེ་བ། ཁྱིམ་བདག་ཚོ་ཡང་ནན་ཏན་ངང་ལས་ཀ་བྱེད་རྒྱུ་བྱུང་བས་ང་ཚོའི་དཀའ་གནད་ཆེན་པོ་གཅིག་ཐག་གཅོད་ཐུབ་བྱུང་”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ནི་2026ལོའི་རྒྱུན་རྣམ་ཅན་གྱི་རྣམ་གྲངས་ཤིག་ཡིན་པ་དང་། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱིས་གཟའ་འཁོར་རེའི་གཟའ་སྤེན་པར་ལས་ཞུགས་གསར་བའི་ཚོགས་སྤྱིའི་བུ་ཕྲུག་དང་གཞིས་ལུས་བྱིས་པ་སོགས་གཙོ་གནད་གཞོན་ནུ་ལོ་ཆུང་གི“ལྟ་སྐྱོང་དཀའ་བའི”གནད་དོན་ལ་དམིགས་ནས་སྦྱོང་ཚན་ཟུར་ཁྲིད་དང་། མི་རིགས་མཐུན་སྒྲིལ་གྱི་སྤྲོ་སྣང་སློབ་ཚན་ཆུང་གྲས། སྤྲོ་སྣང་ལུས་རྩལ་སོགས་སྣ་མང་ཅན་གྱི་ཚབ་གཉེར་ཞབས་ཞུ་སྤེལ་བ་བརྒྱུད་ཕྲུ་གུ་ཚོ་འཚར་ལོངས་དང་གཅེས་སྐྱོང་ཁྲོད་ཡར་ཐོན་ཡོང་བ་བྱ་རྒྱུ་ཡིན་པ་རེད།
གཞོན་ནུ་སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས“རོགས་ཟླའི་འཆར་གཞིའི”སྤུས་རྟགས་གཏོད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཞབས་ཞུའི་རྣམ་པ་ཇེ་ལེགས་སུ་གཏོང་བ། འདུག་རོགས་ལ་བརྟེན་ནས་འཚར་ལོངས་སྲུང་སྐྱོང་བྱས་པ། གཅེས་སྐྱོང་ལ་བརྟེན་ནས་བྱིས་པའི་སེམས་ལ་དྲོ་སྐྱིད་ལྡན་པར་བྱས་ཏེ་གཞོན་ནུ་ལོ་ཆུང་ཚང་མ་ཉི་འོད་ཁྲོད་དགའ་སྤྲོའི་ཕུགས་འདུན་དོན་གཉེར་དང་བདེ་ཐང་ངང་འཚར་ལོངས་ཡོང་བཞིན་ཡོད་ཅེས་བཤད།
ཚེ་རིང་ཐར་གྱིས་བསྒྱུར།


