http://zw.xzqnb.cn/Content/weixinlogo.png
གལ་ཏེ། ཉིན་ཞིག་ངའི་མིག་མདུན་དུ་འོད་སྣང་ཞིག་འཕྲོས་ནས་འཚོ་བ་གང་
http://zw.xzqnb.cn/m/content/2026-03/27/001696.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བྱིས་དུས་ཀྱི་འཚོ་བ།

༄༅། །དུས་ཚོད་ཀྱི་རིན་ཐང་།

རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་འཚ

སྡོད་ཁང་གསར་པར་སྤོས། བདེ་སྐྱིད་འཚོ་བ་སྐྱེལ།

等待处理…

༄༅། །བྱིས་དུས་ཀྱི་འཚོ་བ།

作者 ཚེ་རིང་མཚོ།
2026年03月27日

གལ་ཏེ། ཉིན་ཞིག་ངའི་མིག་མདུན་དུ་འོད་སྣང་ཞིག་འཕྲོས་ནས་འཚོ་བ་གང་འདྲ་ཞིག་དགོས་མིན་འདེམ་ཀ་བྱེད་དུ་བཅུག་ཚེ། ངས་ཐེ་ཚོམ་མེད་པར་བྱིས་དུས་ཀྱི་འཚོ་བ་འདེམ་ངེས་ཡིན།

སྔོན་སློབ་གྲྭར་འགྲོ་བའི་ལོ་ཚོད་མ་ལོན་པའི་གོང་ལ་ང་རང་རྒྱུན་དུ་འབྲོག་ས་རུ་སྡོད་ཀྱི་ཡོད། འཚོ་བ་སྐྱེལ་བའི་དུས་ཚོད་ཚང་མ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་པས། བྱིས་དུས་ཀྱི་དུས་ཚོད་ནི་ཚེ་གང་དྲན་ནས་བརྗེད་ཐབས་བྲལ་བ་ཞིག་ཏུ་གྱུར།

ཉིན་རེ་བཀྲ་ཤིས་མཚོན་པའི་འོད་ཟེར་དེ་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཐོག་ཏུ་འཕྲོ་དུས། ཨ་མས་ང་ཚོ་ཕྲུ་གུ་རྣམས་ལྷས་རའི་ཕྱི་ནང་དུ་སྙི་བ་བསྒྲུག་པར་འཁྲིད་ཀྱི་ཡོད། ང་ཚོས་སྙི་བ་མང་པོར་དབོར་ནས་ཨ་མས་ཁུར་བའི་སླེལ་པོའི་ནང་དུ་བླུགས། ང་ཚོ་དེ་དུས་གཟུགས་ཆུང་ངུ་ལས་མེད་པས། ཨ་མས་ལག་པ་ཡ་གཅིག་སླེལ་པོའི་ཁུར་ཐག་ནས་འཛིན་པ་དང་ལག་པ་ཡ་གཅིག་ཅུང་མཐོ་བའི་རྡོ་བའི་ཐོག་ཏུ་སྦར་ཕུར་བཙུགས་ནས་ལུས་པོ་སྒུར་སྒུར་ངང་ཕྲུ་གུ་དག་གིས་བསྒྲུགས་པའི་སྙི་བ་འཛེད་ཀྱི་ཡོད། ཁོང་གིས་སྙི་བ་དེ་དག་ཁུར་ནས་ཐང་རྒྱ་ཆེ་ས་ཞིག་བཙལ་ཏེ་སྙི་བ་རྣམས་ཐུར་དུ་འབྱོ། ཐང་ལ་སྤུངས་པའི་སྙི་བ་རྣམས་རེ་རེ་བཞིན་གྲུ་བཞི་ལེམ་པོ་རེ་གླེབས་པ་དང་། ཨ་མས་གླེབས་པའི་སྙི་བའི་རི་མོ་ཆེ་ལ་བཟོ་ལྟ་ཡང་མཛེས། མཛེས་པའི་ཐང་གཞུང་ཡངས་མོའི་ཐོག་ལ་གྲལ་འགྲིག་ཤིང་ཤིན་ཏུ་འཚམ་པོ་ཡོད་པའི་སྣང་བ་སྐྱེ། ཡིན་ཡང་དེ་ཚོའི་འགྲམ་དུ་བཟོ་ལྟ་སྣ་ཚོགས་ཡིན་པ་མ་ཟད། ག་ས་གང་ལ་གཏོར་ཡོད་པའི་སྙི་བ་དེ་ཚོ་ནི་ཕྲུ་གུ་ཚོས་ཧ་རེ་ཧུ་རེ་བྱས་ནས་ལས་པ་ཡིན་པ་བལྟས་པ་ཙམ་གྱིས་ཤེས་སླ། སྙི་བ་གླེབས་ཚར་རྗེས་ཁྱིམ་དུ་ལོག་ནས་ཞོགས་ཟས་ཟ། ཨ་མས་ཕོར་པའི་ནང་ལ་རྩམ་པ་དང་མར་ཕྱུར་བླུགས་ནས་སྤགས་བརྫིས་ཏེ་བུ་ཕྲུག་སོ་སོའི་ལག་ནང་དུ་བཞག་ནས་ཟ་བར་བྱེད། ཅུང་ཟད་སོང་རྗེས་ཨ་མས་བུ་ཕྲུག་ཚོ་ཁྱིམ་གྱི་ཕར་ཕྱོགས་སུ་ཡོད་པའི་སྤང་ལྗོངས་ཐོག་ཁྲིད་ནས་ཡི་གེ་སློབ་པ་དང་། སྦྱང་ཤིང་ངམ་ཡང་ན་ཤོག་བུ་དཀར་པོ་ཞིག་གི་སྟེང་དུ་ཀྱག་ཀྱོག་ངང་བྲིས་པའི་ཡི་གེ་གསལ་བྱེད་སུམ་ཅུའམ། ཡང་ན་ཨང་ཀི་དུ་མ་ཞིག་བྲིས་ནས་རིག་པའི་གནས་ལའང་སྦྱོང་།

ཉིན་གུང་གི་སྐབས་སུ་ཨ་མས་ཁྱིམ་དུ་གུང་ཟས་ལ་གྲོ་དང་འོ་མ་སོགས་བཟོས་ནས་སྡོད་སྐབས། བུ་ཕྲུག་དེ་ཚོ་ལག་ཏུ་ས་རྐོ་བྱེད་ཀྱི་འཇོར་ཞིག་ཁྱེར་ནས་རི་འདབས་སུ་ཡོད་པའི་ས་དམར་དེ་བརྐོ་རུ་སོང་། ལམ་བར་དུ་ཕན་ཚུན་གད་མོ་སློང་རེས་དང་ཞབས་བྲོ་འཁྲབ་པ་སོགས་བྱས་ནས་རྩ་ཆེན་སྤོ་ཏིལ་བརྐོ་བའི་ཕྱོགས་སུ་བསྐྱོད། གནས་ས་རུ་འབྱོར་རྗེས་རང་གི་གོས་ཀྱི་སྒབ་མ་དེ་ཡར་བརྫེས་ནས་དེའི་ནང་དུ་ས་དམར་མང་པོ་བླུགས་ནས་ཆུ་འགྲམ་ནས་འགྱིག་དམ་ནང་ཆུ་བླངས་ཏེ་ཁྱིམ་དུ་ལོག ཁྱིམ་གྱི་སྒོ་ཁར་ཡོད་པའི་རྡོ་ཆེན་པོ་དེའི་སྟེང་ལ་ས་དམར་དང་ཆུ་བསྲེས་ནས་ནོར་རམ་འབྲོང་དང་། ཡང་ན་ལུག་དང་རྟ་སོགས་ཀྱི་སེམས་ཅན་དང་། དེ་བཞིན་འཚོ་བའི་ཁྲོད་ཀྱི་མཁོ་ཆས་སྣ་ཚོགས་ཀྱི་གཟུགས་དབྱིབས་བྲིས་ནས་ཉི་མར་སྐམ་གྱི་ཡོད། དེར་ནུས་པ་ཅི་ཞིག་ཡོད་པ་བུ་ཕྲུག་ཚང་མས་མི་ཤེས་ལ། ཨ་མས་ཀྱང་སྙིང་པོ་ཅི་ཡང་མེད་པ་ཤེས་བཞིན་དུ་བཀག་འགོག་ཀྱང་གནང་གི་མེད། གཅིག་བྱས་ན་དེ་ནི་ཁུ་སིམ་པའི་ལུང་ཁུག་དེར་ཉི་མ་སྐྱེལ་བྱེད་ཙམ་ཡིན་ངེས་ལ། གཅིག་བྱས་ན་རང་ཉིད་ཀྱི་སྤྲོ་སྣང་འཚོལ་ཐབས་ཤིག་ཀྱང་ཡིན་ངེས། གང་ལྟར་ཆུ་དང་འདམ་པས་བཟོས་པའི་རྐྱེན་གྱིས་ལག་པའི་ཕྱི་ནང་ཀུན་བཙོག་པ་ཆགས་ཀྱང་སྣང་བར་འཇོག་མཁན་མེད། རྩེད་མོ་རྩེ་རྒྱུ་ཕུད་ང་ཚོར་ད་དུང་ལས་འགན་གཞན་ཞིག་ཡོད་པ་ནི། ཨ་མས་བསྐམས་པའི་ཕྱུར་བ་བསྲུངས་ནས་སྐྱ་ཀ་འཁོར་དུ་མི་བཅུག་རྒྱུ་དེ་ཡིན། ང་ནི“ལས་རེས”ལ་བཞག་ཚེ། ཉི་འོད་ལམ་ལམ་འཚེར་བའི་ཚ་དྲོད་འོག་ཏུ་གྲུ་བཞི་ཤོ་འདྲའི་ཆུར་ཐང་གློ་ལ་བསྔས་ཏེ། ཁ་གནམ་གཏད་ཀྱིས་གྱོན་པ་གང་རུང་གདོང་ཐོག་བཀབ་ནས་སྐྱིད་ཉལ་འཐེན་རྒྱུ་ཤིན་ཏུ་དགའ། དེ་ནི་མི་ཚེ་འདིའི་སྐྱིད་སྣང་ལྡན་ཤོས་ཀྱི་བྱ་བ་ཞིག་ཏུ་སྙམ་གྱི་ཡོད།

དགོང་མོ། ནོར་གྱི་ལྷས་རའི་མཚམས་སུ་སླེབས་སྐབས་བུ་ཕྲུག་ཚོ་གྲོག་མའི་གྲོག་ཚང་བརྡོལ་བ་བཞིན་ག་ས་གང་ལ་གྲམ་ནས་ཕྲུ་གུ་རེ་རེའི་གཟུགས་བརྙན་མངོན། ཁུ་སིམ་མིར་ཤག་ཤག་འོ་མ་འཇོ་བའི་སྙན་དབྱངས་དང་། འབུ་སྲིན་འཕུར་ལྡིང་བྱེད་པའི་འ་འུར་གྱི་གླུ་སྒྲ་ལ་ཉན་ནས། སྒོ་འགྲམ་གྱི་རྡོ་ལེབ་ཐོག་ངལ་གསོས་ཏེ་ནམ་མའི་སྐར་མ་བརྩི་རྒྱུ་ནི་ཚང་མས་ལོངས་སྤྱོད་ཀྱི་མཆོག་ཅིག་ཏུ་བརྩི་ཞིང་། ཉམས་དགའ་བའི་གནས་སྐབས་སུ་རྐང་པ་གཉིས་པོ་རེས་མོས་ཀྱིས་རྐྱོང་གཡུགས་བྱེད་བཞིན་སྣ་གླུ་འགའ་ཡང་འཐེན་པར་བྱེད།

སེམས་སྐྱིད་ལུས་པོ་བདེ་བ་ནི་ཚེ་གཅིག་གི་བསོད་ནམས་དང་བདེ་སྐྱིད་ཡིན། བདེ་སྐྱིད་དེ་འདྲ་སུས་ཀྱང་བསྐྲུན་པར་མི་ནུས། ད་ལྟ་སྒེའུ་ཁུང་འགྲམ་དུ་བཞག་པའི་སྔོན་ཆད་ཀྱི་འཇིམ་བརྙན་དེ་དག་མཐོང་སྐབས་བྱིས་དུས་ཀྱི་འཚོ་བ་ཁྲ་ལམ་མེར་དྲན་ཡོང་། དེ་ནི་ངའི་བྱིས་དུས་ཀྱི་འཚོ་བ་སྟེ། དྲིན་ཆེན་ཕ་མའི་དྲུང་དུ་ཡ་རབས་སྤྱོད་བཟང་སྦྱོང་བཞིན་པའི་ན་ཆུང་ཞིག་གི་གཏམ་རྒྱུད་ཡིན། འཚོ་ས་ནི་འབྲོག་ཡུལ་དང་སྦྱོང་རྒྱུ་ནི་ཨ་མའི་སྲོལ་བཟང་ཁོ་ན་ལས་མ་འདས།

བསམ་བློ་ཞིག་ཐོངས་དང་། ད་ཆ་ང་ཚོ་ངལ་གསོ་རེ་འཇོག་སྐབས་ལག་ལ་ཁ་པར་བྲལ་མེད་ཡིན་ཞིང་། དུས་ཚོད་ཡོད་ཚད་གར་སོང་ཆ་མི་འཚལ། དེ་འདྲའི་གནས་སྐབས་སུ་ང་ཚོས་རང་གི་ཆུང་དུས་ཀྱི་འཚོ་བ་དྲན་གསོ་བྱས་ཚེ་ངོ་མ་བརྗེད་རྒྱུ་མེད་ལ་དོན་སྙིང་གིས་ཕྱུག་པའི་བྱ་བ་མང་པོ་བསྒྲུབས་མྱོང་བ་དྲན་གསོས་སྲིད། དེར་བརྟེན། ང་ཚོས་ད་ལྟའི་མིག་མདུན་གྱི་དུས་ཚོད་དོན་མེད་ལ་ཆུད་ཟོས་མ་བཏང་བར་། སྙིང་པོ་ཡོད་པའི་ལས་ཀ་མང་ཙམ་བསྒྲུབས་ནས་རང་ལ་བརྗེད་དཀའ་བའི་དྲན་གསོ་མང་ཙམ་འཇོག་རྒྱུ་ཡོད་པ་བྱེད་འོས། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博