http://zw.xzqnb.cn/Content/weixinlogo.png
ལྷ་ས་ཞེས་པའི་ཡིག་འབྲུ་འདི་གཉིས་གོ་དུས། ཁྱེད་ཀྱི་མིག་ལམ་དུ་ཕལ་
http://zw.xzqnb.cn/m/content/2026-02/27/001654.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །ལྷ་སའི་མཐོང་ཐོས།

༄༅། །དུས་ཚོད་ཀྱི་རིན་ཐང་།

༄༅། །ལུག་རྫི་བུ་མོ།

“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་དོར་ཏེ་སྒྱུར་བཅོས་དང་ཁྲོམ་རའི་སྒུལ་ནུས་ཆེན་པོ་གཉིས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

等待处理…

༄༅། །ལྷ་སའི་མཐོང་ཐོས།

作者 བསྟན་འཛིན་འབུམ་མཚོ།
2026年02月27日

ལྷ་ས་ཞེས་པའི་ཡིག་འབྲུ་འདི་གཉིས་གོ་དུས། ཁྱེད་ཀྱི་མིག་ལམ་དུ་ཕལ་ཆེར་ཕོ་བྲང་པོ་ཏ་ལ་དང་དེའི་ཉེ་འཁོར་གྱི་སྐྱིད་པའི་ཡུལ་ལྗོངས་ཀྱི་རྣམ་པ་གང་རུང་ཞིག་མིག་ལམ་དུ་འཆར་ངེས་རེད། ལྷ་ས་ནི་ངའི་སེམས་ནང་དགའ་ཤོས་ཀྱི་ས་ཆ་ཞིག་ཡིན། གང་ཡིན་ཟེར་ན། ཡུལ་དེར་དགུན་ཁའི་དུས་སུ་བོད་ཀྱི་ས་ཆ་གཞན་ལས་དྲོད་ཚད་མཐོ་བ་ཡོད་པས་མི་མང་པོ་དགུན་ཁ་ལྷ་སར་སྡོད་རྒྱུར་དགའ། ཡིན་ཡང་ང་ཚོ་འབུ་བརྐོ་སའི་མི་རྣམས་དགུན་ཁ་ཕུད་ལྷ་སར་སླེབས་ཐུབ་མཁན་ཧ་ལམ་མེད་ལ། རང་ཡུལ་དུ་སློབ་གྲྭ་འགྲིམས་བཞིན་པའི་ང་རང་ཚོར་མཚོན་ན་དེ་བས་ཀྱང་ངོ་། །

རྒྱལ་སྟོན་དུས་ཆེན་སྐབས་སུ་སློབ་གྲྭས་ང་ཚོ་ཉིན་བརྒྱད་ངལ་གསོ་བཞག དེའི་རིང་ཨ་ཕ་ལྷ་སར་བཞུགས་ཡོད་པས་ང་ཚོ་ལྷ་སར་ཕྱིན་པ་ཡིན། ང་ཚོ་སྤུན་མཆེད་ཀྱི་རླངས་འཁོར་ལ་བསྡད་དེ་དུས་རྒྱུན་གྱི་འགྲོ་ལམ་ལས་ལོགས་སུ་གྱུར་པའི་ལམ་ཞིག་བརྒྱུད་དེ་ཕྱིན་པས་ལམ་བར་དུ་གང་ལ་སླེབས་ཡོད་མེད་ཀྱང་མི་ཤེས། ལམ་བར་ཕལ་ཆེ་བ་མཛེས་ལྗོངས་རེད་འདུག་ཅིང་། སློབ་ཚན་སྐབས་སུ་ཁྲིད་པའི་ལྷ་ས་སྐྱིད་ཆུའི་ཆུ་འགོ་སྟེ་རྭ་སྒྲེང་གཙང་པོ་སོགས་དྭངས་གཙང་གི་ཆུ་བོ་མང་པོ་མཐོང་། ལྷ་སར་སླེབས་ཁའི་ཡུལ་ལྗོངས་ནི་དེ་ལས་སྐྱིད་པ་འདུག ལམ་འགྲམ་གཡས་གཡོན་དུ་ལྷུང་བའི་ལྕང་མ་དག་གིས་ཕལ་ཆེར་སྟོན་ཁ་སླེབས་ཡོད་པའི་གོ་བརྡ་སྤྲོད་བཞིན་འདུག ང་ཚོའི་སྡེ་ཁུལ་གྱི་རྣམ་པ་ནི་དེ་བས་ཡི་གར་འོང་སྟེ། སྡོང་པོ་དེ་དག་སྟོན་ཁ་སླེབས་ཀྱང་སྐྱེ་སྟོབས་ད་དུང་ཡལ་མེད་ལ། སྡོང་པོའི་ཐོག་ཏུ་ཤིང་ཏོག་སྔོན་པོ་མང་པོ་སྐྱེས་ཡོད། ངས་ཤིང་ཏོག་འགའ་བཏོག་སྟེ་ཟ་སྙམ་ཡང་ཨ་མས་འཐོག་ཏུ་བཅུག་མ་བྱུང་། ང་རང་ཅུང་ཟད་ཡི་ཆད། ད་དུང་དེ་གར་ངས་མེ་ཏོག་དཀར་དམར་མི་ནང་བཞིན་ཀེ་རེར་ལངས་པ་ཞིག་མཐོང་བྱུང་། ཉིན་གུང་མཚམས་སུ་དེ་དག་ནི་མཚར་སྡུག་དེ་བས་བཀྲ། སྡེ་ཁུལ་ཉེ་འདབས་ཀྱི་ལམ་ནི་ཀོང་དོང་མེད་པར་སྔོན་མ་ལས་ཡག་པ་བཟོས་འདུག ཡིད་དུ་འོང་བའི་རྣམ་པ་དེས་ལྷ་ས་ནི་ངས་དེ་སྔ་ཆ་རྒྱུས་ཡོད་པའི་གནས་དེ་ཨེ་ཡིན་སྙམ་པའི་སྣང་བས་ཁྱབ། ངས་དེ་སྔ་མཐོང་བའི་ལྷ་ས་མཛེས་པོ་མི་འདུག་ཟེར་གྱི་མེད་དེ། ནམ་ཟླ་སྟོན་དུས་ལ་སླེབས་ཀྱང་མེ་ཏོག་གི་བཀྲག་མདངས་མ་ཡལ་བར་དམར་མདངས་ལྡན་པའི་ངང་ནས་བཞད་ཡོད་དུས། དབྱར་དུས་ཀྱི་ལྷ་ས་ནི་འདི་ལས་ཀྱང་སྐྱིད་པ་ཡོད་ངེས་རེད།

ཉིན་གཉིས་པར་ང་ཚོ་ཞོགས་པ་ཡར་ལངས་ནས་མཇལ་བསྐོར་དུ་བསྐྱོད། དྭངས་བསིལ་གྱི་མཁའ་རླུང་ངའི་ངོ་གདོང་ལ་གཡོ་སྐབས་སྔར་བས་རྣམ་རིག་གསལ་བར་འགྱུར། མཇལ་སྐོར་འགྲོ་མཁན་གྱི་མི་ཚོགས་ནི་སྔོན་མ་ལས་ཉུང་བ་འདུག ཉིན་གུང་ཙམ་ལ་ང་ཚོ་པོ་ཏ་ལར་བསྐྱོད། སྒོ་ལས་འཛུལ་མ་ཐག་དཀར་སེར་དམར་ལྗང་གི་མེ་ཏོག་སྣ་ཚོགས་ལྷམ་མེར་བཀྲ་བས་རྩི་ཤིང་མེ་ཏོག་གི་ཞིང་ཁམས་སུ་སླེབས་པ་ལྟ་བུའི་ཚོར་སྣང་བྱུང་། སྒོ་རའི་ནང་གི་བགྲོད་ལམ་ནི་སྔོན་མ་ལས་སྣུམ་ཤ་དོད་པ་དང་། གཡས་གཡོན་དུ་རྩ་ལྗང་དག་གཡུ་ཡི་ས་གདན་བཏིངས་པ་ལྟར་ལྟ་བས་མི་བཟོད་པ་ཞིག་འདུག ངའི་ཕ་ཡུལ་ནི་ལྷ་ས་ལས་ས་མཐོ་བས་ལུང་པ་ཕལ་མོ་ཆེ་ད་ལྟ་གསེར་མདོག་གི་འཇིག་རྟེན་དུ་གྱུར་དང་འགྱུར་བཞིན་ཡོད། ང་དེ་གའི་ཡིད་རབ་འཕྲོག་པའི་མེ་ཏོག་དབུས་སུ་ལངས་ཏེ་དྲན་རྟེན་གྱི་པར་འགའ་ཡང་བླངས།

དེ་གར་་ཡུལ་སྐོར་གྲུབ་རྗེས་ང་ཚོ་ས་འོག་ལམ་བུ་བརྒྱུད་ཐང་ཆེན་དུ་བསྐྱོད་པ་ཡིན། ཡུལ་སྐོར་བ་གྲོགས་པོ་དག་གིས་འཁྲབ་ཆས་ལྟ་བུའི་གྱོན་གོས་འགའ་གྱོན་ཏེ་པར་ལེན་བཞིན་འདུག ངའི་གཅུང་པོས་ང་ལ། “གལ་སྲིད་ངེད་གཉིས་ཀྱི་བོད་ཆས་ཡག་པོ་འགའ་ཁྱེར་ཏེ་ཡུལ་སྐོར་བ་དག་ལ་གཡོགས་ཚེ། འདི་གའི་ཆེས་མཛེས་ཤོས་ཀྱི་ཡུལ་ལྗོངས་སུ་འགྱུར་ངེས་ཡིན”ཟེར། དེ་བས་ཀྱང་དེར་མིང་ཐོགས་པ་དང་མི་ཐོགས་པའི་མེ་ཏོག་སྣ་ཁ་ཤིན་ཏུ་མང་པོ་འདུག དེ་དག་གི་ཁྲོད་ངས་ངོས་ཆོད་པ་དང་དྲ་ཐོག་རྩད་བཅད་པའི་མེ་ཏོག་འགའི་མིང་བོས་ན། རྒྱ་སེ་མེ་ཏོག་དང་། འདབ་སྡེབ་སྨུག་སྲིན། དམར་རྐྱང་། ལུག་མིག་མེ་ཏོག གླང་ཁྲིད། ཁྲང་ཁྲུན་མེ་ཏོག་བཅས་རེད། དེ་དག་བསྡེབས་སྒྲིག་བྱས་ནས་བཞག་པས་རི་མོ་མཛེས་པོ་ཞིག་ཐང་ལ་བཀྲམས་པ་དང་མཚུངས།

མཛེས་སྡུག་ལྡན་པའི་ལྷ་ས་ཨང་། ཁྱེད་ཀྱི་བཟོ་བཀོད་ལེགས་པའི་ཁང་བཟང་དང་། སྐྱེད་མོས་ཚལ་གྱི་མཛེས་ལྗོངས། གཙང་སྦྲ་དོད་པའི་ཁོར་ཡུག་བཅས་ཡོད་ཚད་ཅི་འདྲའི་ཡི་གར་འོང་ཨང་། ཁྱེད་ནི་ངའི་མི་ཚེ་འདིའི་ཆེས་དགའ་ཤོས་ཀྱི་གནས་མཆོག་དེ་ཡིན་ཨང་། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博