བོད་ལྗོངས་མངའ་རིས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་མཐོར་གཏོང་ལས་གྲྭའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པའི་སྒར་རྫོང་པེ་ཅིང་ལྷོ་ལམ་དུམ་བུའི་བར་ཁྱམས་འཛུགས་སྐྲུན་རྣམ་གྲངས་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་ལ“རྣམ་པ”དང“ནང་དོན”གཉིས་ཀ་ལྡན་པའི་དཔེ་རིས་གསར་པ་ཞིག་འགོད་བཞིན་ཡོད། རྣམ་གྲངས་དེས་གྲོང་ཁྱེར་གྱི་བར་མཐོངས་ནས་སྐྱེ་ཁམས་སྤྲོ་གསེང་བྱ་ཡུལ་དུ་ཕྱོགས་སྒྱུར་བྱུང་སྟེ་མངའ་རིས་ས་ཁུལ་གྱི་གྲོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་སྡོད་མལ་ལ་འཚམ་པའི་སྤུས་ཚད་གཉིས་ཀ་འཕར་རྒྱུར་སྐུལ་མ་ཐེབས་ཡོད།
སྒར་རྫོང་མི་དམངས་སྲིད་གཞུང་གི་ནུབ་ངོས་ཀྱི་རྣམ་གྲངས་གནས་ཡུལ་ལ་མ་དངུལ་བསྡོམས་འབོར་སྒོར་ཁྲི་219.18བཏང་ཡོད། འཆར་འགོད་ཀྱི་ཇུས་འགོད་ནས་བལྟས་ཚེ། རྣམ་གྲངས་དེར་སྐྱེ་ཁམས་ཀྱི་འདུ་ཤེས་མཉམ་འདྲེས་ཟབ་མོ་བྱས་པའི་ཐོག སྤྱིའི་ཇུས་འགོད་ཀྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1.67ཙམ་གཞི་རྩ་དང་། སྐྱེ་ཁམས་བར་ཁྱམས་ཀྱིས་མཛེས་ལྗོངས་ཀྱི་ལྟེ་བའི་གཞི་རྒྱུ་བྱས་ཏེ་སྔོ་འགྱུར་འདེབས་འཛུགས་དང་ཤིང་ཆ་བཏིང་སྒྲིག་སོགས་ཇུས་འགོད་བྱས་པ་བརྒྱུད་གྲོང་ཁྱེར་གྱི་བར་མཐོངས་དང་རང་བྱུང་སྐྱེ་ཁམས་འབྲེལ་མཐུད་ཟབ་མོ་ཐུབ་ནས། མངའ་རིས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་རྣམ་པ་ཞིག་མངོན་ཡོད།
བྱེད་ནུས་ཀྱི་ལེ་ལག་ཐད། རྣམ་གྲངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོའི་དགོས་མཁོ་གཉིས་ཀར་བསམ་གཞིག་བྱས་ཤིང་། བརྩམས་ཆོས་ཆུང་ངུའི་འཇིམ་བརྐོས་དང་མཚན་མོའི་ཡུལ་ལྗོངས་ཀྱི་གློག་སྒྲོན་སོགས་ཡུལ་ལྗོངས་ཀྱི་སྒྲིག་ཆས་ཕུད། རྡོའི་རྐུབ་སྟེགས་དང་། ལས་སྣོན་རྐུབ་སྟེགས། གད་སྙིགས་བླུག་སྣོད། མཚོན་རྟགས་བྱང་བུ་སོགས་བསྐྲུན་པ་དང་དུས་མཚུངས་ཆུ་གློག་ལས་གྲྭ་དང་སྐྱོར་རའི་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་ཀྱི་ཡུལ་ལྗོངས་ཧྲིལ་པོ་སྲུང་བ་མ་ཟད། གྲོང་མིར་བདེ་འཇགས་དང་སྐྱིད་སྣང་དོད་པའི་སྤྲོ་གསེང་བར་མཐོངས་ཡང་མཁོ་འདོན་བྱས་ཡོད། གྲོང་ཁྱེར་འཆར་འགོད་ཐད། མངའ་རིས་ས་ཁུལ་གྱིས“གདུབ་གཅིག འཕྲེད་བཞི། གཞུང་བཞིའི”གཞུང་ལམ་ཨ་མའི་དྲ་བ་ཆགས་པར་བྱས་ཤིང་། པེ་ཅིང་ལམ“གཞུང་བཞིའི”གྲས་ཤིག་ཡིན་པའི་ངོས་ནས་དེའི་ལྷོ་ལམ་དུམ་བུའི་བར་ཁྱམས་འཛུགས་སྐྲུན་གྱིས་སྐྱེ་ཁམས་བར་ཁྱམས་དེ་ཡུལ་ལྗོངས་ཇུས་འགོད་ཀྱི་གཞི་རྒྱུ་གཙོ་བོར་བརྩིས་ནས། གྲོང་ཁྱེར་གྱི་རང་བྱུང་སྐྱེ་ཁམས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བྱས་ཏེ་ས་གནས་ཀྱི་སྐྱེ་ཁམས་ཀྱི་སྒྲོམ་གཞི་བཏོད་ཡོད།
ཚེ་དབང་ལྷ་མོས་བསྒྱུར།


