http://zw.xzqnb.cn/Content/weixinlogo.png
འཇིག་རྟེན་ཁམས་འདིར་གཅན་གཟན་དང་རི་དྭགས་སྣ་ཚོགས་ཡོད་པ་ལས། ང་རང་
http://zw.xzqnb.cn/m/content/2025-11/14/001488.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །སྲོག་ཆགས་དྲེད་མོང་།

༄༅། །རི་བོང་ཅལ་འདྲོགས།

༄༅། །མི་ཚེ་ལ་ཡིད་ཆེས་དང་སྡུག་རུས་དགོས།

等待处理…

༄༅། །སྲོག་ཆགས་དྲེད་མོང་།

作者 བཀྲ་ཤིས་ནོར་འཛོམས།
2025年11月14日

འཇིག་རྟེན་ཁམས་འདིར་གཅན་གཟན་དང་རི་དྭགས་སྣ་ཚོགས་ཡོད་པ་ལས། ང་རང་སྐྲག་ཤོས་ཀྱི་གཅན་གཟན་ཞིག་ཡོད་པ་ནི་དྲེད་མོང་ཡིན། དྲེད་མོང་ཟེར་བའི་གཅན་གཟན་འདི་མང་ཆེ་བ་བོད་ལྗོངས་སུ་འཚོ་བ་རོལ་བཞིན་ཡོད། དེ་ནི་སེམས་ཅན་གཞན་དང་མི་འདྲ་བར་གནས་འདིར་འཚོ་བར་རོལ་བའི་མི་རྣམས་ལ་གནོད་པ་མང་པོ་སྐྱེལ་གྱི་ཡོད། འོན་ཀྱང་མི་ལ་ལས་དྲེད་མོང་ནི་ང་ཚོའི་གྲོགས་པོ་ཡིན་ཞེས་ཤོད་ཀྱི་ཡོད། ཡང་ན་དྲེད་མོང་གིས་ཙི་ཙི་སོགས་བཟའ་དུས་ཧ་ལམ་རྩྭ་ཐང་ལ་ཕན་པ་འབྱུང་ངེས་རེད། ཡིན་ན་ཡང་རྩྭ་ཐང་ལ་ཕན་པ་བྱུང་བ་ཁོ་ནས་ག་ལ་འགྲིག ཁྱོད་ཚོས་ཤེས་སམ། ཉེ་བའི་ལོ་ཤས་རིང་དྲེད་མོང་ཁ་གྲངས་མང་ནས་མང་དུ་ཕྱིན་པས་དུད་ཚང་ག་ཚོད་ལ་གནོད་སྐྱེལ་བ་ཤེས་སམ། གལ་སྲིད་གནད་དོན་དེ་དག་ཤེས་ཚེ་ཁྱོད་ཀྱིས་དྲེད་མོང་ལ་ཡང་དགའ་སྣང་སྐྱེ་མི་སྲིད། དྲེད་མོང་ནི་དངོས་གནས་དགེ་བའི་དགྲ་བོ་ཡིན། འོན་ཀྱང་ང་ཚོས་དྲེད་མོང་དང་དྲེད་ཕྲུག་རིགས་ལ་གནོད་རྩ་བ་ནས་སྐྱེལ་གྱི་མེད། འོན་ཀྱང་ཁོས་ཚུར་ཡ་ང་སྙིང་རྗེ་གཏན་ནས་བྱེད་ཀྱི་མེད།

ཨ་མས་རྒྱུན་དུ“དྲེད་མོང་མིག་ཤོ”ཟེར་ནས་དྲེད་མོང་གི་མིག་ལ་སྐྱོན་ཡོད་པར་ཤོད་ཀྱི་ཡོད། མི་ཁ་ཤས་ཀྱིས་བཤད་པ་ལྟར་ན། དྲེད་མོང་འཕྲད་སྐབས་གྱེན་དུ་བྲོས་མི་རུང་བར་ཐུར་དུ་བྲོས་དགོས་ཟེར། དེའི་རྒྱུ་མཚན་ནི་ཐུར་དུ་བྲོས་སྐབས་ཁོའི་མགོ་ལྤགས་དང་མིག་ལྤགས་ཐུར་དུ་ལུག་ཏེ་མིག་ལམ་སྒྲིབ་ཀྱི་ཡོད་ཟེར། འོན་ཀྱང་དེར་ཚོད་ལྟ་བྱེད་ནུས་མཁན་ནི་སུ་ཞིག་ཡོད།

ཁ་སྔོན་ངལ་གསོ་བཞག་པ་དང་། ང་རང་དགའ་དགའ་སྤྲོ་སྤྲོའི་ངང་གྲོང་ཚོའི་ནང་ལ་ལོག་པ་ཡིན། ཉིན་གཅིག་ངལ་གསོ་བྱས་པ་དང་རྗེས་ཀྱི་ཉིན་དེར་ང་ཚོ་གྲོང་མི་དང་ལྷན་དུ་སྐད་ཆ་ཤོད་སྐབས་མི་ཞིག་གིས“མདང་དགོང་ཁྱི་མང་པོ་ཟུག་སོང་། ཚོར་ཨེ་བྱུང་། ངས་གློག་བཞུ་བརྒྱབ་ནས་ལྟ་སྐབས། དྲེད་མོང་མ་བུ་གསུམ་ཁྱོད་ཚོའི་ཁང་རྙིང་ནང་ལ་འཛུལ་སོང”ཟེར། ཉིན་མོ་ཡིན་ཡང་གློ་བུར་དུ་སྐད་ཆ་དེ་ཐོས་སྐབས་ང་རང་སྐྲག་སྣང་ཅུང་ཟད་སྐྱེས། ཁང་རྙིང་ནི་འཐོར་ཞིག་ཏུ་སོང་ཙང་གནོད་པ་ཐེབས་དོགས་ཅི་ཡང་མེད་ལ། དེ་གར་ཟས་ཀྱི་དྲི་ཙམ་ཡང་མེད་མོད། ཕལ་ཆེར་དྲེད་མོང་ལྟོགས་དྲགས་ནས་ཟས་འཚོལ་བར་ཕྱིན་པ་ཡིན་རྒྱུ་རེད། ཕྱི་ཉིན་དགོང་མོར་སླར་ཡང་དྲེད་མོང་ཞིག་ལམ་རྒྱུད་དུ་འགྲོ་བ་ང་ཚོའི་གྲོང་ཚོའི་བུད་མེད་ཀྲུའུ་རེན་གྱི་གྲོང་ཚོའི་ཚོགས་པའི་ནང་དུ་བསྐུར་འདུག ད་ནི་ཉེ་འཁོར་དུ་དྲེད་མོང་སྐོར་གྱི་གནས་ཚུལ་མང་པོ་མཐོང་ཐོས་བྱུང་བས་ང་དངངས་སྐྲག་སྐྱེས་བྱུང་།

ཕྱི་ཉིན་ནུབ་མོར་རྨོ་བོ་ཁོང་རྣམ་གཉིས་གཉིད་ཁུག་ཚར་རྗེས་ང་གཅིག་པུ་སྐད་འཕྲིན་ཚོགས་པའི་ནང་ལ་དྲེད་མོང་སྐོར་གྱི་གནས་ཚུལ་ཡོད་མེད་འཇམ་ཐིང་ངེར་ཉན་པ་ཡིན། དུས་ཡུན་རིང་པོ་བར་ཉན་ཡང་གནས་ཚུལ་ཅང་མི་འདུག་པས་ང་རང་གཉིད་ཁུག་འདུག བློ་ཡུལ་ལས་འདས་པ་ཞིག་ལ་ཞོགས་པ་གཉིད་ལས་སད་དེ་ཡར་ལངས་ཁར། ང་ཚོའི་ཁྱིམ་མཚེས་ཀྱིས་ཁ་པར་ལས“མདང་དགོང་ཁྱོད་ཚོའི་གཉེན་ཉེའི་ནང་དུ་དྲེད་མོང་འཛུལ་སོང་བ་འདྲ”ཟེར། ང་རང་དེ་མ་ཉིད་གཉིད་ལས་དྭངས་བྱུང་། ང་སྐྲག་སྣང་དང་ཡ་མཚན་གྱི་སེམས་པ་དང་སྦྲགས་ཨ་མ་དང་མཉམ་དུ་ཁོང་ཚོའི་ནང་ལ་བལྟ་བར་བསྐྱོད། སྒོ་ཁར་སླེབས་རྗེས་ཐོག་མར་སུ་ཡང་མདུན་ལ་འཛུལ་ཕོད་ཀྱི་མི་འདུག དེ་ནས་རྨོ་བོ་ན་རེ། “ད་ལྟ་ནམ་ལངས་པས་དྲེད་མོང་སོང་ཚར་ཡོད་ངེས”ཞེས་བཤད་པས། ང་ཚོས་ཀྱང་རྨོ་བོའི་རྗེས་སྙེགས་ནས་ནང་ལ་འཛུལ། དྲེད་མོང་མི་འདུག ཡིན་ཡང་དྲེད་མོང་གིས་སྐས་འཛེགས་དང་། ཁང་པའི་སྒོ། གྱང་ཚང་མ་གཏོར་འདུག དེ་དུས་ངའི་ཨ་མས“ངས་འདི་འདྲ་མཐོང་བ་ཐེངས་མ་དང་པོ་ཡིན། ན་ནིང་ཡིན་ན་དྲེད་མོང་སླེབས་རུང་ཁང་པ་གཏོར་བཤིག་འདི་འདྲ་གཏན་ནས་བྱེད་ཀྱི་མེད། ད་ལོ་དྲེད་མོང་ཡོང་ཐེངས་རེར་གསུམ་བཞི་ཙམ་ཡོད་པ་མ་ཟད། ཧམ་པ་ཡང་སྔར་ལས་ཚ་བས་ད་ནི་མིའི་ཚེ་སྲོག་ལ་ཡང་གནོད་པ་སྐྱེལ་ཉེན་འདུག”ཅེས་བཤད། ངའི་སྲུ་མོ་དང་བཅས་པའི་གཉེན་ཉེ་རྣམས་ནག་ཆུ་གྲོང་ཁྱེར་དུ་གནས་སྤོ་བྱས་པས་ཤ་མར་སོགས་དཀོན། ཟ་མ་མ་རག་པས་གཏོར་བཤིག་བློ་ཡིད་ཚིམས་པ་ཞིག་བྱས་ནས་དུད་ཚང་གཞན་ཞིག་ཏུ་ཕྱིན་ཡོད་འདུག དེའི་དུད་ཚང་དེ་ཡང་ང་ཚོའི་ཉེ་འབྲེལ་ཡིན། དེའི་ནང་དེ་ལས་ཡིད་སྐྱོ་བ་བཟོས་འདུག ཁོང་ཚོ་འབྲི་རུར་བསྡད་ཡོད་པས། འཁྱགས་སྒམ་ནང་གི་ཤ་མར་རྣམས་ཕལ་ཆེ་བ་དྲེད་མོང་གིས་ཟོས་པ་དང་། ཟ་འཕྲོར་ལུས་པའི་ཤ་ཁ་ཤས་ཁང་འདབས་ཀྱི་གཞུང་ལམ་ཐོག་ཏུ་དྲུད་འདུག མང་ཚོགས་དང་གྲོང་ཚོའི་དབུ་ཁྲིད་རྣམས་དེར་འདུས་མོད། ཁོང་ཚོས་པར་རྒྱག་ཙམ་བྱས་ནས་གནས་ཚུལ་དཔང་པོར་འཛིན་པ་ཙམ་ལས་ཐབས་གཞན་ཅི་ཡང་མ་རྙེད།

ང་ཚོའི་ལུང་པར་དྲེད་མོང་ནི་ས་ཆ་གང་སར་མཐོང་རྒྱུ་ཡོད་ཅིང་། དེས་མང་ཚོགས་རྣམས་ཀྱི་སེམས་ལ་སྐྲག་འཇིགས་ཇི་ཙམ་སྟེར་གྱི་ཡོད་ཨང་། མི་ལ་ལས་བཤད་པ་ལྟར་ན། དྲེད་མོང་ང་ཚོ་དང་ཉེ་བར་འཁོར་དོན་ནི་ང་ཚོ་རང་གིས་བཟོས་པ་རེད་ཟེར་གྱི་ཡོད། རྒྱུ་མཚན་ནི་ཟ་འཕྲོ་འཐུང་འཕྲོར་ལུས་པའི་སྙིགས་རོ་རྣམས་གང་བྱུང་དུ་གྲོང་སྡེའི་ཉེ་འཁོར་དུ་གཡུགས་པས། དྲེད་མོང་རང་བཞིན་གྱིས་ང་ཚོའི་ཉེ་སར་འཁོར་ཡོང་བ་ཡིན་ཟེར། དེར་བརྟེན། ང་ཚོས་བྱེད་ཐུབ་པ་ནི་རང་གི་ཚེ་སྲོག་སླད་དུ་གད་སྙིགས་བདག་པོ་ཡག་པོ་རྒྱག་རྒྱུ་དང་ཚང་མས་རང་འགན་རང་འཁུར་བྱེད་དགོས་པ་རེད་དོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博