西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །སྲོག་ཆགས་དྲེད་མོང་། ༄༅། །རི་བོང་ཅལ་འདྲོགས། ༄༅། །མི་ཚེ་ལ་ཡིད་ཆེས་དང་སྡུག་རུས་དགོས།

放大 缩小 默认

༄༅། །རི་བོང་ཅལ་འདྲོགས།

སྔོན་མཚེའུ་ཞིག་གི་འགྲམ་ན་ཤིང་བིལ་བའི་ཚལ་ཞིག་ཡོད་པ་དེར་རི་བོང་དྲུག་གནས་ཤིང་། ཉིན་ཞིག་ཤིང་བིལ་བའི་ཚལ་དེ་ནས་བིལ་བ་ཞིག་མཚེའུའི་ནང་དུ་ལྷུངས་ནས། ཅལ་ཟེར་བའི་སྒྲ་ཞིག་གྲཌ་པ་དེ་རི་བོང་དྲུག་པོས་ཐོས་པས་ཁོ་ཚོ་སྐྲག་ནས་བྲོས་དགོས་བྱུང་།

དེ་དག་བྲོས་པ་ཝ་མོ་ཞིག་གིས་མཐོང་ནས་ཁོ་ཚོར། ཁྱོད་ཚོ་གང་གི་དོན་དུ་བྲོས་འགྲོ་བ་ཡིན་ཞེས་དྲིས། དེར་ཁོ་ཚོས་ཅལ་བྱུང་ངོ་ཞེས་བཤད་པས་ཝ་མོ་ཡང་བྲོས། དེ་ནས་ཝ་མོ་དང་རི་བོང་ཐམས་ཅད་བྲོས་བཞིན་པ་སྤྲེའུ་དང་། ཕག མ་ཧེ། གླང་པོ་ཆེ། དོམ། སྟག་སོགས་ཀྱིས་མཐོང་ནས་ཅི་བྱུང་དྲིས་པ་ན། ཁོ་ཚོས་མཉམ་གཅིག་ཏུ་ཅལ་བྱུང་ངོ་ཞེས་བཤད་པས། ཅི་ཡིན་གང་ཡིན་གསལ་པོ་མ་ཤེས་པར་ཆག་འཇིགས་ཆེན་པོ་བྱུང་སོང་སྙམ་ནས། གཅིག་སྔོན་གཅིག་གིས་བླངས་ནས་བྲོས།

དེ་ནས་ཁོ་ཚོ་ནགས་ཚལ་ཆེན་པོ་ཞིག་གི་འདབས་སུ་སླེབས་དུས། སེང་གེ་རལ་པ་ཅོད་པན་ལྟ་བུ་དང་ལྡན་པ་ཞིག་ཡོད་པ་དེས་གླང་པོ་ཆེ་སོགས་བྲོས་པ་མཐོང་ནས། ཁྱེད་ཚོ་སྡེར་མོ་དང་མཆེ་བའི་སྟོབས་ཅན་ཡིན་ན་གང་གི་དོན་དུ་བྲོས་སམ་ཞེས་དྲིས་པ་ལ། ཚང་མས་མཉམ་གཅིག་ཏུ་ཅལ་ཞེས་པ་ཐོས་བྱུང་ཞེས་བཤད། སེང་གེས། ཅལ་ཟེར་བ་དེ་གང་ནས་བྱུང་ཞེས་དྲིས། སྐབས་དེར་སྟག་དང་དོམ་སོགས་ཀྱིས་རི་བོང་དང་ཝ་མོ་ལ་མིག་རིག་རིག་གིས་བལྟས་པ་ན། རི་བོང་གིས་འདི་དང་ཐག་ཅུང་ཉེ་སའི་མཚེའུ་ཞིག་གི་ནང་དུ་འདུག་ཅེས་བཤད། དེར་སེང་གེས། ཁྱོད་ཚོ་མ་བྲོས་ཤིག་བརྟག་དཔྱད་བྱེད་དོ། །ཁྱོད་ལ་སུས་བཤད་བྱུང་ངམ་ཞེས་དྲིས། ཁོ་ཚོས། ཝ་མོས་བཤད་བྱུང་ཞེས་ལན་བཏབ། དེ་བཞིན་དུ་ཝ་མོས། རི་བོང་གིས་བཤད་བྱུང་ཟེར། ཡང་སེང་གེས་རི་བོང་ལ། ཁྱོད་ལ་སུས་བཤད་བྱུང་ཞེས་དྲིས་པའི་ལན་དུ་རི་བོང་གིས། ང་ཚོས་འཇིགས་པ་དེ་མངོན་སུམ་དུ་མཐོང་བྱུང་། ཚུར་ཤོག་དང་། ཅལ་ཟེར་བ་དེ་གང་ནས་བྱུང་བ་བསྟན་ཆོག་ཅེས་བཤད་དེ་སེང་གེ་ཁྲིད་ནས་བིལ་བའི་ཚལ་བསྟན་ཏེ། ཅལ་ཟེར་བ་དེ་འདི་ནས་བྱུང་ངོ་ཞེས་བཤད་པ་དང་། ཡང་ཚལ་དེ་ནས་བིལ་བ་ཞིག་ལྷུངས་ཏེ་ཅལ་ཟེར་བ་ཞིག་བྱུང་བས་སེང་གེས། འདི་ནི་ཅལ་མ་ཡིན་པར་བིལ་བ་མཚེའུ་ནང་དུ་ལྷུངས་པའི་སྒྲ་རེད་ཅེས་བཤད་པས། རི་བོང་དང་ཝ་མོ་ལ་སོགས་སྲོག་ཆགས་རྣམས་ངོ་ཚ་སྟེ་མགོ་སྨད་ནས་སྡོད་དགོས་བྱུང་བའོ། །

དམངས་སྒྲུང་ལས་དྲངས།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明