ངའི་ཨ་མ་ལགས་ལ་དྭངས་ཞིང་གསལ་ལ་གྲུང་ཤ་དོད་པའི་སྤྱན་དང་སྐུ་གཟུགས་ནི་ཚད་དང་ལྡན་པ་ཞིག་ཡོད། ཁོང་གི་ཞལ་རས་ནི་ཅུང་ནག་ཅིང་སྣུམ་ཞག་དོད་པ་ཞལ་གྱི་འགྲམ་དུ་སྨེ་བ་ནག་པོ་ཆུང་ཆུང་ཞིག་ཡོད་པས་མི་རྣམས་ཀྱི་བལྟ་དུས་གྲུང་ཤ་དོད་པོའི་རྣམ་པ་ཞིག་ཡོད་ལ་ད་དུང་ཁོང་གི་མགུལ་ནི་རིང་ཞིང་ཕྲ་བ་དང་ཞལ་རས་ཡང་མཛེས་པོ་ཞིག་ཡོད། ཁོང་ད་ལོ་དགུང་ལོ་ལྔ་ཅུ་ལྷག་ཙམ་ལ་ཕེབས་ཤིང་ཞལ་རས་ལ་གཉེར་མ་ཐ་ཐོར་འཁོར་བ་མ་ཟད་དབུ་སྐྲ་རྐང་ཁ་ཤས་ཡང་སྐྱ་མདོག་ཏུ་འགྱུར་འདུག
རྒྱུན་དུ་ངའི་ཨ་མ་ལགས་ནི་མེ་ཏོག་ལ་ཧ་ཅང་མཉེས་པོ་ཡོད་པས་ཁྱིམ་དུ་མེ་ཏོག་སྣ་ཚོགས་བཏབ་གནང་ཡོད། རྒྱུན་མཐོང་གི་མེ་ཏོག་ལ། སྐལ་བཟང་མེ་ཏོག་དང་། སེར་ཆེན། སྒྲོལ་མ། རྒྱ་སེ་སོགས་ཡོད།
ལྷག་པར་དུ་ཨ་མ་ལགས་ང་ལ་ཧ་ཅང་དགའ་པོ་ཡོད་དེ། ཐེངས་ཤིག་ང་སློབ་གྲྭ་གྲོལ་རྗེས་གློ་བུར་དུ་གྲོད་ཁོག་ལ་ན་ཟུག་བཏང་། ཨ་སློག་ཕར་རྒྱབ་ཚུར་རྒྱབ་བྱེད་པའི་སྐབས་ཨ་མ་ལགས་ཀྱིས་གཟིགས་མ་ཐག་ང་ལམ་སེང་སྨན་ཁང་དུ་ཁྲིད་གནང་བྱུང་བས། སྨན་པས་ང་ལ་བརྟག་དཔྱད་བྱས་ནས་ཨ་མ་ལགས་ལ་བོད་སྨན་སྤྲད་གནང་སོང་ལ་སྨན་པས་སྨན་དེ་ཉིན་གཅིག་ལ་ཐེངས་གསུམ་གཏོང་དགོས་ཞེས་གསུངས།
ཉིན་ཁ་ཤས་རིང་ཨ་མ་ལགས་ཀྱིས་ཉིན་ལྟར་ཞོགས་པ་དང་། ཉིན་དགུང་། དགོང་མོ་བཅས་ལ་དུས་ཐོག་ཏུ་སྨན་རྣམས་ངང་བརྒྱུད་རིང་པོས་བདག་ལ་སྟེར་གནང་བས་ངའི་ན་ཚ་སེང་དྲགས་ཕྱིན་སོང་། དེ་དུས་ངའི་ཨ་མའི་ཞལ་རས་ནས་དགའ་སྤྲོའི་འཛུམ་མདངས་མངོན། སྐབས་དེར་ངས་ང་ལ་བརྩེ་བ་ཆེ་བའི་ཨ་མ་ལགས་ཤིག་ཡོད་པ་ཚོར་བྱུང་ལ། ང་ནི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འཚར་ལོངས་ཡོང་གི་ཡོད་པ་ཤེས་བྱུང་ངོ་། །
མདོར་ན། གོང་དུ་ཁོ་མོས་བྲིས་པའི་ནང་དོན་ནི་ངའི་ཨ་མ་ལགས་ཀྱི་སྐོར་ཐ་ཐོར་ཞིག་ཡིན་མོད། ད་དུང་འབྲི་རྒྱུ་དུ་མ་ཡོད། སྙིང་དོན་གཙོ་བོ་ནི་ང་ནི་ཨ་མ་ལགས་ལ་ཧ་ཅང་དགའ་པོ་ཡོད་པ་མཚོན་པ་ཙམ་ཡིན། །
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ལོ་རིམ༥(༦)


