རྒན་གསོའི་སྒྲིག་གཞིའི་མེ་ཟོན་བདེ་འཇགས་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་མེ་ཟོན་བདེ་འཇགས་དོ་དམ་ལ་དམ་པོར་དམིགས་ཏེ། ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལྟ་སྐུལ་ཞིབ་བཤེར་དང་། དྲིལ་བསྒྲགས་གསོ་སྦྱོང་། མངོན་མེད་རྐྱེན་ངན་བཅོས་སྒྲིག་སོགས་ཆེད་དོན་བྱ་སྤྱོད་སྤེལ་ནས། རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་བཅད་ཕྱོགས་ཡོངས་ནས་བརྟན་དུ་བཏང་ཡོད།
གསོ་སྦྱོང་ལ་བརྟེན་ནས་དོ་དམ་ལ་སྐུལ་འདེད་བཏང་སྟེ་འགན་འཁྲི་འཁུར་ལེན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་དམངས་སྲིད་སྡེ་ཚན་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་རྒན་གསོའི་སྒྲིག་གཞི་13གྱི་མེ་ཟོན་བདེ་འཇགས་ཀྱི་འགན་ཁུར་བ་དང་དོ་དམ་པར་མེ་ཟོན་བདེ་འཇགས་སྐོར་གྱི་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་བྱེད་རིང་གཙོ་ཁྲིད་དགེ་རྒན་ཚོགས་པའི་ཁོངས་མིས་ཉེ་བའི་ལོ་ཤས་རིང་རྒྱལ་ནང་གི་རྒན་གསོའི་སྒྲིག་གཞིར་ཐོན་པའི་དཔེ་མཚོན་རང་བཞིན་གྱི་མེ་སྐྱོན་དང་ཟུང་དུ་སྦྲེལ་ནས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཐོན་པའི་རྒྱུ་རྐྱེན་དང་འགན་འཁྲི་དོན་འཁྱོལ་ཐད་ཀྱི་ཆད་སྐྱོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། མེ་ཟོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གསལ་འགྲེལ་བྱེད་པ། འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་། མེ་ཟོན་སྒྲིག་བཀོད་བདག་སྐྱོང་བྱེད་པ། རྒྱུན་གཏན་སྐོར་ཞིབ་བྱེད་པ་སོགས་ཀྱི་དོ་དམ་བླང་བྱ་ཞིབ་ཚགས་སུ་བཏང་བ་བཅས་བྱས་ཡོད།
གྲལ་བཤེར་གཏིང་ཟབ་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་དྲ་བ་དམ་ཚགས་བཟོས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་དམངས་སྲིད་དང་འཕྲལ་སྡོམ་སོགས་སྡེ་ཚན་དང་ལྷན་དུ་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ། རྒན་གསོའི་སྒྲིག་གཞིའི་ཞག་སྡོད་ཁུལ་དང་། བྱེད་སྒོ་ཁུལ། ཐབ་ཚང་སོགས་གཙོ་གནད་གནས་ཡུལ་ལ་ཞིབ་བཤེར་བྱས་པ་མ་ཟད། ཁ་འགྲེམས་བགྲོད་ལམ་དང་། བདེ་འཇགས་ཐོན་སྒོ། མེ་ཟོན་སྒྲིག་བཀོད་དང་ཡོ་བྱད། གློག་ཆས་ཀྱི་སྐུད་ལམ་སོགས་ལ་དམིགས་ནས་གྲལ་བཤེར་ནན་ཏན་བྱས་ཤིང་། ལས་དོན་ཚོགས་ཆུང་གིས་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་དག་ཐེར་བསམ་འཆར་བཏོན་ཏེ་འབྲེལ་ཡོད་སྒྲིག་གཞི་ལ་དག་ཐེར་བྱེད་ཐབས་འཕྲལ་དུ་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་པ་དང་སྦྲགས། མངོན་མེད་རྐྱེན་ངན་གྱི་རྩིས་ཁྲ་བཟོས་ནས“གཅིག་ཤེས་རྟོགས་བྱུང་ན་གཅིག་དག་ཐེར་བྱ་རྒྱུ་དང་། གཅིག་དག་ཐེར་བྱས་ན་གཅིག་ཐོ་སུབ་བྱ་རྒྱུ”འགན་ལེན་བྱས་པ་རེད།
དངོས་འཐབ་ནང་སྦྱོང་བྱས་ནས་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཆེ་རུ་བཏང་ཞིང་། མེ་ཟོན་རུ་ཁག་དང་མེ་ཟོན་ལས་དོན་ས་ཚིགས་ཁག་གིས“མེ་ཟོན་མཉམ་སྒྲུབ”ལས་དོན་དང་ཟུང་འབྲེལ་བྱས་ནས་རྒན་གསོའི་སྒྲིག་གཞི་ཁག་གི་བཟོ་བཀོད་དང་། གཙོ་གནད་གནས་ཡུལ། མེ་ཟོན་སྒྲིག་བཀོད་ཁྱབ་ཚུལ་སོགས་ས་གནས་ས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་རྗེས་མེ་གསོད་རོགས་སྐྱོབ་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། རྒན་གསོའི་སྒྲིག་གཞིའི་མེ་སྐྱོན་ཐག་གཅོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད། དེ་དང་ཆབས་ཅིག རྒན་གསོའི་སྒྲིག་གཞིའི་མེ་ཟོན་ས་ཚིགས་ཆུང་ངུ་དང་མཉམ་སྒྲུབ་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མེ་ཟོན་ས་ཚིགས་ཆུང་ངུའི་རུ་མི་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཡོ་བྱད་དང་སྒྲིག་ཆས་སྤྱོད་སྟངས་དང་མེ་གསོད་རོགས་སྐྱོབ་བྱེད་པའི་མཉམ་འབྲེལ་ནང་སྦྱོང་བྱས་ཏེ། བསམ་བློ་དང་། རྩ་འཛུགས། སྦྱོང་བརྡར། སྔོན་ཇུས་སོགས་ཀྱི་ཐད་མེ་གསོད་རོགས་སྐྱོབ་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས། རུ་ཁག་དེས་འགག་རྩའི་དུས་སུ“དོན་ཐུབ་པ་དང་། མཆོང་ཐུབ་པ། རྒྱལ་ཐུབ་པ”བཅས་ཀྱི་འགན་ལེན་བྱས་པ་རེད།
ཕུར་སྒྲོན་དང་དམ་ཆོས་མི་ཕམ་གྱིས་བསྒྱུར།
 



 
         
         
        