ཉེ་བའི་ལོ་ཤས་རིང་། པ་སྣམ་རྫོང་གིས“ཞིང་གསུམ”ལས་དོན་དང་ཚན་རྩལ་ཆུ་བེད་འཕེལ་རྒྱས་ཀྱི་ལྟེ་བར་དམ་འཛིན་ནན་པོ་བྱས་ཏེ“འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ། དམངས་འཚོའི་ཞན་ཆ་སེལ་བ”བཅས་གཙོ་རྐང་དུ་བྱས་ནས“ཞིང་ལས་རྫོང་ཆེན་པོ”དང“ཞིང་ལས་རྫོང་སྟོབས་ཆེན”གྱི་ངེས་གནས་ལ་གཞི་ཚུགས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་ཚན་རྩལ་ཆུ་བེད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་གསེབ་དར་རྒྱས་ཀྱི་རི་མོ་གསར་པ་ཞིག་དལ་གྱིས་མངོན་བཞིན་ཡོད།
པ་སྣམ་རྫོང་གིས་འབྲུ་རིགས་བདེ་འཇགས་དེ་སྲོག་རྩར་བརྩིས་ནས་རྨོ་ཞིང་གི་དམར་ཐིག་བརྟན་པོ་བསྲུངས་ཏེ། སྲུང་སྐར་རྒྱང་ཚོར་དང་གྲོང་ཚོ་རིམ་པའི་དྲ་མིག་པའི་སྐོར་ཞིབ་བརྒྱུད་ཁྲིམས་འགལ་ས་བཟུང་གི་བྱེད་སྤྱོད་6བཀག་འགོག་ནུས་ལྡན་བྱས་ཡོད། རྫོང་ཡོངས་སུ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་2000གསར་པ་བཟོས་པ་དང་མུའུ་3600སྒྱུར་བཀོད་བྱས་ཏེ་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་12.74བརྟན་པོ་ཡོང་བར་འགན་ལེན་བྱས་ཡོད། སོན་བཟང་ཁྱབ་གདལ་རྟེན་གཞིའི་རྒྱ་ཁྱོན་མུའུ་8815ཟིན་པ་དང་སྒ་སྦུག་ཤང་དང་བཀྲ་ཤར་ཤང་དུ་ས་བབ་མཐོ་བའི་ནས“ཧི་མ་ལ་ཡ་ཨང་23པ”མུའུ་ཁྲི་0.25ཁྱབ་གདལ་བཏང་བས་སོན་བཟང་ཁྱབ་ཚད་95%ལྷག་ཟིན་པ། སོན་བཟང་གསོ་སྤེལ་ཁ་གསབ་སྒོར་ཁྲི་5046དོན་འཁྱོལ་བྱས་པ་དེས་དུད་ཚང་1265ལ་ཕན་པ་ཐོབ་ཡོད།
པ་སྣམ་རྫོང་གིས་དེང་རབས་ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཧུར་ཐག་བསྐྲུན་ནས་སྔོ་ཚལ་ཐོན་ལས་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་བཏང་སྟེ་ས་ཞིང་མུའུ་ཁྲི་1.53ཡང་བསྐྱར་བཏབ་པར་ཐོན་འབབ་ཏུན་5466ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་2733ཟིན་ཡོད། གསོ་ཚགས་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཞིང་། “ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ”གྱི་བྱ་ཐབས་ཁྱབ་གདལ་བདེ་བླག་བཏང་སྟེ་ལུག་གསོ་ཚགས་མཉམ་ལས་ཁང་4བསྐྲུན་པ་དང་། ཅོན་ཧྲན་ཕྱུགས་གསོ་སྤེལ་རྟེན་གཞི་1བསྐྲུན་པས་རྫོང་ཡོངས་སུ་ཅོན་ཧྲན་ཕྱུགས་གསོ་སྤེལ་མགོ་གྲངས་ཁྲི་2.7ཟིན་ཡོད། གྲོང་གསེབ་སྒྱུར་བཅོས་ཀྱི་གསོན་ཤུགས་འཕེལ་ཞིང་། གྲོང་ཚོ་111གི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་དང་དངུལ་དངོས་གཙང་བཤེར་ལེགས་གྲུབ་ཟིན་པ་དང་། མཉམ་ལས་ཁང་218བཙུགས་པས་གྲོང་ཚོའི་མཉམ་སྡེབ་ཀྱི་ལོའི་དཔལ་འབྱོར་ཡོང་འབབ་ཆ་སྙོམས་སྒོར་ཁྲི་5ལྷག་ཟིན་ཡོད། “ཞིང་ལས་དང་དངུལ་རྩ་ཟུང་འབྲེལ”གྱི་བྱེད་སྟངས་གསར་གཏོད་བྱས་པས། 2025ལོའི་ལོ་སྟོད་ཁོ་ནར་རྫོང་ཞིང་ལས་དངུལ་ཁང་གིས་ཚོང་པརeདངུལ་བུན་སྒོར་ཁྲི་1000ལྷག་ཙམ་བཏང་སྟེ་མ་དངུལ་བསྡུ་སྒྲིལ་དཀའ་བའི་ཚོང་གཉེར་བྱེད་པོའི་དཀའ་ངལ་ནུས་ལྡན་བསལ་ཡོད།
ཚན་རྩལ་གྱིས་པ་སྣམ་རྫོང་གི་ཞིང་ལས་ལ་སྒུལ་ནུས་ཆེན་པོ་བསྣན་ཏེ། “ཚན་རྩལ་དང་འགན་གཙང་ཟུང་འབྲེལ”གྱི་ལམ་སྲོལ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་། “རིགས་གཅིག་མཁས་ཅན་དང་། ཞིང་ལས་ལག་རྩལ་པ། དཔེ་སྟོན་རྟེན་གཞི། དཔེ་སྟོན་བྱེད་པོ། དུད་ཚང་ལ་ཞོར་ཁྲིད”བཅས་ཀྱི་ཞབས་ཞུའི་འཁོར་འབྲེལ་བཙུགས་པ་དང་ཚན་རྩལ་དཔེ་སྟོན་ས་ཚིགས་3འཛུགས་གཏོད་བྱས་ཡོད། ཚན་རྩལ་མི་སྣ་140སྒྲིག་འཛུགས་བྱས་ནས་ལག་རྩལ་ཞབས་འདེགས་ཐེངས་170ལྷག་ཙམ་ཞུས་པ་དེ་མང་ཚོགས་མི་ཐེངས་3800ལྷག་ཙམ་ལ་ཁྱབ་པ་དང་། དེའི་ནང་ས་བོན་ཐག་གཅོད་དང་། ཕྱུགས་ཟོག་གི་རིམས་འགོག བ་གླང་རྒྱུད་པ་ལེགས་བཅོས་སོགས་འགག་རྩའི་ལྷུ་ཚིགས་ཚུད་ཡོད།
པ་སྣམ་རྫོང་གིས་ཆུ་བེད་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བར་ཤུགས་སྣོན་བརྒྱབ་སྟེ་དངུལ་སྒོར་ཁྲི་1455.22དོན་འཁྱོལ་བྱས་ནས་ཆུ་མཁོ་འདོན་ལས་གྲྭ་2ལག་ལེན་བསྟར་བ་དང་དེ་བསྐྲུན་ཟིན་རྗེས་རྨོ་ཞིང་མུའུ་1900ལྷག་ཙམ་གྱི་ཆུ་འདྲེན་གཏོང་གི་གནད་དོན་ཐག་གཅོད་ཐུབ་སྟེ་མི་6781ལ་ཕན་པ་ཐོབ་ཡོད། གཏོང་ཆ་སྒོར་ཁྲི་55.62བཏང་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་14ཉམས་བཟོ་བདག་སྐྱོང་བྱས་ཏེ་མི་3752ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱས་ཡོད། མཛེས་མཐུན་གྲོང་གསེབ་བསྐྲུན་པའི“ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་བྱས་ཏེ་ནོར་ཁྱུང་གྲོང་རྡལ་སྤང་སྒང་གྲོང་ཚོ་དང་དཔའ་རྩལ་ཤང་ན་དཀར་གྲོང་ཚོ་གཉིས་པོ་ས་མཐོའི་མཛེས་མཐུན་གྲོང་གསེབ་ཀྱི་དཔེ་མཚོན་ལ་བཏོད་པ་དང་། “འཚོ་རྟེན་ལས་སྤྲོད”ཀྱི་ཐབས་ཤེས་གསར་གཏོད་བྱས་ཏེ་རྣམ་གྲངས་ཁྲོད་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་མི་ཐེངས་686བསྡུས་པར་ངལ་ལས་གླ་ཆ་སྒོར་ཁྲི་293.52སྤྲད་ཡོད། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”སྐུལ་འདེད་ཏན་ཏིག་བཏང་ཞིང་། རིམ་རྩིས་བརྒྱབ་ན་དུད་ཚང་གི་གསང་སྤྱོད་6358སྒྱུར་བཀོད་བྱས་པས་གསང་སྤྱོད་གཙང་མ་ཁྱབ་གདལ་ཐུབ་ཚད་93.5%ཟིན་ཏེ། མིའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ནད་རིགས་མཆེད་པའི་ཉེན་ཁ་ཆུང་དུ་ཕྱིན་ཡོད།
བསྟན་བློས་བསྒྱུར།
 



 
         
         
        