ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ལྗང་མདོག་ཕྱོགས་སྒྱུར་སྣེ་ཁྲིད་ཁུལ་སྐྲུན་པའི་དམིགས་ཚད་ལ་དམ་པོར་གཞིགས་ཏེ། “དགོས་མཁོའི་སྣེ་ཁྲིད་དང་། གཙོ་གནད་ཚད་བརྒལ། འོས་འཚམ་སྔོན་བརྒལ། ནུས་ཆེའི་དངོས་སྤྱོད”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཤིང་།“རིག་ལྡན་ཉིང་ཁྲི”ཡི་འགན་སྲུང་དང་། ལས་སྟེགས། བཅོས་སྐྱོང་། ཞབས་ཞུ་བཅས་མ་ལག་ཆེན་པོ་བཞི་འཛུགས་པའི་ཐད་འཚོལ་ཞིབ་བྱས་པ་དང་། ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་རིག་ལྡན་གྲོང་ཁྱེར་གྱི་རྣམ་པ་གསར་པ་གསར་གཏོད་བྱས་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད།
འགན་སྲུང་མ་ལག་ཐད། རྩ་འཛུགས་དང་དྲ་རྒྱ་ཕྱོགས་གཉིས་ནས་ཤུགས་བརྒྱབ་སྟེ་འཁོར་སྐྱོད་རྨང་གཞི་བརྟན་དུ་བཏང་ཞིང་། རྩ་འཛུགས་འགན་སྲུང་ཐད་གྲངས་འཛིན་ཉིང་ཁྲི་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ《གྲངས་འཛིན་ཉིང་ཁྲིའི་ལས་དོན་ཇུས་གཞི(2022ལོ་ནས་2025ལོ་བར)》སོགས་སྲིད་ཇུས་བཏོན་ནས་དོ་དམ་ལམ་ལུགས་ཁག་33བཟོས་པ་དང་། ལས་སྒོ་འབྲེལ་མཐུད་ཚོགས་ཆུང་4དང་འཁོར་སྐྱོད་བདག་སྐྱོང་འགན་སྲུང་ཚོགས་ཆུང་4བསྡུ་སྒྲིལ་བྱས་ནས་བཙུགས་པར་ནུས་ཆེའི་བཀོད་འདོམས་མ་ལག་ཅིག་ཆགས་ཡོད། དྲ་རྒྱའི་འདེགས་སྐྱོར་ཐད་མིག་སྔར་4Gསྦྲེལ་ཚུགས་4173དང་5Gསྦྲེལ་ཚུགས་2182བསྐྲུན་ཟིན་པས། 4Gདྲ་རྒྱ་སྲིད་འཛིན་གྲོང་ཚོ་ཡོངས་སུ་ཁྱབ་པ་དང་། 5Gདྲ་རྒྱ་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཡོངས་སུ་ཁྱབ་པ། སྲིད་འཛིན་གྲོང་ཚོ་75%ལ་ཁྱབ་པ་བཅས་མངོན་འགྱུར་བྱུང་ཡོད།
ལས་སྟེགས་མ་ལག་ཐད། བརྟན་ལྷིང་དང་འཕེལ་རྒྱས་ལ་དམིགས་ནས་གྲངས་འཛིན་ཅན་གྱི་ལས་སྟེགས་ཚོ་འདུས་བཏོད་ཅིང་། སྒོར་དུང་ཕྱུར་1.5བཏང་ནས་དུས་ཐེངས་གཉིས་སུ་དབྱེ་སྟེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་བདེ་འཇགས་བརྙན་ལམ་གློག་མིག་དྲ་སྦྲེལ་ཉེར་སྤྱོད་རྣམ་གྲངས་བསྐྲུན་ནས་གློག་མིག་ཁྲི་1.55ལྷག་ཙམ་བསྒར་བ་དང་། དུས་བདེའི་ཉིང་ཁྲིའི་གྲངས་གཞི་ཆེ་མོའི་ལས་སྟེགས་གསར་དུ་བསྐྲུན་ནས་གྲངས་གཞི་ཆེ་མོ་དང་སྤྲིན་རྩིས་ལག་རྩལ་མཉམ་འདྲེས་བྱས་ཏེ་གྲངས་འཛིན་ཅན་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་ཀྱི“1+7+N”སྒྲོམ་གཞིའི་ནང་རང་འགུལ་ངང་མཉམ་འདྲེས་བྱས་ཏེ་སྒོར་ཁྲི་4796བཏང་ནས་རྒྱ་ཁྱོན་སྨི་ངོས་གྲུ་9000ཟིན་པའི་གྲངས་གཞི་ཆེ་མོའི་ལྟེ་གནས་བསྐྲུན་ཞིང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) བཀོད་འདོམས་ལྟེ་གནས་དང་གྲངས་གཞི་དོ་དམ་ལྟེ་གནས་སོགས་བྱེད་ནུས་ཁུལ་བཙུགས་ནས་གྲངས་གཞི་དང་ལག་རྩལ་གྱི་འདེགས་སྐྱོར་སྟོབས་ཆེན་མཁོ་འདོན་བྱས་པ་རེད།
བཅོས་སྐྱོང་མ་ལག་ཐད། ཕྱོགས་མང་བའི“བློ་རིག+”རྣམ་པའི་ཐོག་ནས་གྲོང་ཁྱེར་བཅོས་སྐྱོང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཞིང་། “བློ་རིག+གཞི་རིམ”གྱི་རྣམ་པ་ཁྱབ་གདལ་བཏང་ནས་སྲིད་ཁྲིམས་ཀྱི་སྡེ་ཚན་མི་འདྲ་བའི་གྲངས་གཞི་ཆེ་མོའི་མཉམ་ལས་གྱོད་སྒྲུབ་ལས་སྟེགས་སྤྱད་དེ“བློ་རིག་སྒོ་བྱང”དང“བློ་རིག་ཁུལ་ཆུང”སོགས་མ་ལག་ཁྱབ་གདལ་བཏང་བ་དང་། “བློ་རིག+དྲ་རྒྱ”ཡི་རྣམ་པ་ལག་བསྟར་བྱས་ནས་གསར་དུ་ལས་ཞུགས་བྱས་པའི་ཚོགས་པ་དྲ་བའི་བཅོས་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ། “བློ་རིག+ནགས་ཟོན”རྣམ་པ་འཛུགས་སྐྱོང་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལྟ་ཞིབ་ཚད་ལེན་སྔོན་བརྡ་སོགས་ཀྱི་མ་ལག་བཙུགས་པ། “བློ་རིག+ཉེན་ཟོན”རྣམ་པ་གསར་གཏོད་བྱས་ཏེ་རྒྱལ་ཡོངས་ཀྱི་གངས་རྡིབ་གནོད་འཚེའི་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ལས་སྟེགས་ཐོག་མ་དེ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ནས་གངས་རྡིབ་ས་ཚིགས་ཀྱི་གྲངས་གཞི་ཁྲི་3ལྷག་ཙམ་བསྡུས་ཏེ་གནད་སྨིན་ཉེན་བརྡ་གཏོང་ཐུབ་པར་བྱས་ཡོད།
ཞབས་ཞུའི་མ་ལག་ཐད། མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་བློ་རིག་ཞབས་ཞུ་དེ་སྲིད་དོན་དང་། སྨན་བཅོས། ཡུལ་སྐོར། བཟའ་བཅའི་བདེ་འཇགས་སོགས་ཁྱབ་ཁོངས་སུ་མཉམ་འདྲེས་བྱས་ཤིང་། སྲིད་དོན་ཞབས་ཞུསAIཚོང་ཞབས་སྔོན་ལ་བཏོན་ནས་ཆུ་ཚོད་24ཡི་རིང་དྲ་ཐོག་བློ་འདྲི་མཁོ་འདོན་བྱས་པ་དང་། སྨན་བཅོས་ཞབས་ཞུས་དྲ་སྦྲེལ་སྨན་ཁང་སྤྱོད་འགོ་ཚུགས་པའི་ཁར་ཀོང་ཏུང་དང་བོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་5Gརྒྱང་བསྟེན་ནད་དཔྱད་ལ་རྒྱབ་སྐྱོར་བྱས་པ། ཡུལ་སྐོར་ཞབས་ཞུས་བློ་རིག་ཡུལ་སྐོར་ལས་སྟེགས་དང་སྐད་བརྡའི་འགྲེལ་བཤད་མ་ལག་བཟོས་ནས་བོད་རྒྱ་སྐད་གཉིས་ཀྱི་འགྲེལ་བཤད་མཁོ་འདོན་བྱས་པ། བཟའ་བཅའི་བདེ་འཇགས་ཞབས་ཞུས“བློ་རིག་བཟའ་བཅའི་བདེ་འཇགས”མ་ལག་རིམ་སྤོར་བྱས་ཏེ“དྲ་སྦྲེལ+ཐབ་ཚང་ཕྱི་གསལ་ནང་གསལ+AI”སོགས་བློ་རིག་ལྟ་སྡོམ་ལས་སྟེགས་བསྐྲུན་པ་བཅས་རེད།
མིག་སྔར། “བློ་རིག་ཉིང་ཁྲི”འཛུགས་སྐྱོང་ལ་གྲུབ་འབྲས་རགས་ཙམ་ཐོབ་ཅིང་། བློ་རིག་གི་གཞི་རྒྱུ་རིམ་བཞིན་གྲོང་ཁྱེར་བཅོས་སྐྱོང་དང་དམངས་འཚོ་ཞབས་ཞུའི་ནང་མཉམ་འདྲེས་བྱེད་བཞིན་ཡོད།
གནམ་ཕྱུག་རྒྱལ་གྱིས་བསྒྱུར།
 



 
         
         
        