གཞོན་ནུ་ལོ་ཆུང་གིས་སྒྲིག་ཁྲིམས་བརྩི་སྲུང་གི་འདུ་ཤེས་དང་རང་ཉིད་སྲུང་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་སློབ་གྲྭའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ཉུང་དུ་གཏོང་བ། སློབ་གྲྭའི་བཙན་བརྙས་གཏན་འགོག་བྱ་ཆེད། ཟླ་8པའི་ཚེས་19ཉིན་ནས་ཚེས་27ཉིན་བར་གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་“འཚར་ལོངས་ལ་སྲུང་སྐྱོབ་བྱས་ནས་བཙན་བརྙས་ལ་མི་ཕྱོགས་པ་”ཞེས་པའི་སློབ་གྲྭའི་བཙན་བརྙས་སྔོན་འགོག་བྱེད་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ཤིང་། སྔ་རྗེས་སུ་ལྷ་ས་སློབ་འབྲིང་དང་། ལྷ་ས་མངའ་རིས་ཧའེ་པེའེ་ཆ་ཚང་སློབ་འབྲིང་། སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་གཉིས་པ་སོགས་སློབ་གྲྭ་ལྔ་རུ་སྒྲོག་འགྲེལ་གཏིང་ཟབ་སྤེལ་ནས་དགེ་རྒན་དང་སློབ་མ་མི་གྲངས་750ལྷག་ཙམ་ལ་ཁྱབ་ཡོད་པ་རེད།
ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོའི་ནང་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་བརྒྱད་པའི་པུའུ་“ཀྲོ•ཅེའི”ཞིབ་བཤེར་མ་བྱས་པའི་ལས་ཁང་སྒྲོག་འགྲེལ་པ་གདན་འདྲེན་ཞུས་ནས《སློབ་གྲྭའི་བཙན་བརྙས་ལ་ཕྱོགས་ནས་བཤད་པ་》ཞེས་པའི་བརྗོད་བྱ་གཙོ་བོར་བྱས་ནས་སྒྲོག་འགྲེལ་བྱས་པ་རེད།
བྱེད་སྒོའི་ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་པས་སློབ་གྲྭའི་དགེ་སློབ་དང་ཐག་ཉེ་བའི་གྱོད་དཔེ་དང་སྤྱི་ཚོགས་ཐོག་གླེང་མང་བའི་དོན་རྐྱེན་ནས་འགོ་བཙུགས་ཏེ་བརྒྱུད་བགྲོད་ཀྱི་རི་མོ་དང་ཡི་གེའི་འགྲེལ་བཤད་དང་། གྱོད་དཔེ་དབྱེ་ཞིབ། བརྙན་ལམ་སྟོན་པ་དང་ལས་ཡུལ་དངོས་སུ་མཉམ་འགུལ་རྣམ་པ་སོགས་ཚན་རིག་ཁྱབ་གདལ་གྱིས་སློབ་གྲྭའི་བཙན་བརྙས་སྔོན་འགོག་བྱེད་པའི་འབྲེལ་ཡོད་ཤེས་བྱ་དང་། བཙན་བརྙས་བྱ་སྤྱོད་ལས་གནོད་འཚེ་ཕོག་མཁན་གྱི་ལུས་སེམས་བདེ་ཐང་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། སློབ་གྲྭའི་བཙན་བརྙས་ལས་བྱུང་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་གཙོ་གནད་དུ་ནན་བཤད་བྱས་པ་དང་། དགེ་སློབ་ཚོས་སློབ་གྲྭའི་བཙན་བརྙས་ཀྱི་རྙོག་འཛིང་རང་བཞིན་དང་གནོད་འཚེའི་རང་བཞིན་གསལ་པོ་ཤེས་པར་རོགས་རམ་བྱས་པ་རེད།
དུས་མཚུངས་སྒྲོག་འགྲེལ་པས་ད་དུང་སློབ་མའི་སྣེ་ཁྲིད་དེ་སློབ་གྲྭའི་བརྙས་བཅོས་ལ་ངོ་རྒོལ་བྱེད་པའི་དམ་བཅའ་བཞག་ནས་སློབ་གྲོགས་ཚོར་ཀུན་སྤྱོད་སློབ་སྦྱོང་དང་རང་གཅུན་གྱི་འདུ་ཤེས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བྱས་ཏེ། སྣང་མེད་ཀྱི་ཟུར་ནས་ལྟ་མཁན་མི་བྱེད་པ་དང་དྲག་སྤྱོད་ལག་བསྟར་མཁན་དེ་བས་མི་བྱེད་པ། དཀྲོག་གཏམ་ཁྱབ་སྤེལ་མཁན་མི་བྱེད་པ། བཅའ་ཁྲིམས་ཀྱིས་རང་ཉིད་སྲུང་སྐྱོབ་བྱེད་ཤེས་པ་དང་བཅའ་ཁྲིམས་མཚོན་ཆར་འཛིན་ནས་བརྙས་བཅོས་བཀག་འགོག་བྱས་ཏེ། སློབ་ཚན་གྱི་ཤེས་བྱ་དག་སློབ་གྲྭའི་བཙན་བརྙས་ལ་ངོ་རྒོལ་བྱེད་པའི་ལག་ཆར་འགྱུར་བ་བྱས་ནས་ཐུན་མོང་ཐོག་འཆམ་མཐུན་གྱི་སློབ་གྲྭ་ཞིག་བསྐྲུན་པར་རང་རྟོགས་ངང་འགན་འཁུར་མཁན་ཞིག་བྱེད་པ། ལྷ་ས་སློབ་འབྲིང་གི་བསྟན་འཛིན་ཆོས་སྒྲོན་གྱིས་“བཅའ་ཁྲིམས་ནི་ང་ཚོ་སྲུང་སྐྱོབ་བྱེད་པའི་མཚོན་ཆ་ཞིག་ཡིན། བཙན་བརྙས་ཀྱི་མདུན་དུ་དུས་ཐོག་གི་རོགས་རམ་ཞུ་བ་ནི་རང་ཉིད་དང་མི་གཞན་ལ་འགན་འཁུར་བའི་རྣམ་འགྱུར་ཞིག་ཡིན་པས། ང་ཚོ་ཚང་མས་དེ་ལྟར་བྱས་ཚེ་གཞི་ནས་སློབ་གྲྭ་དེ་ཉིད་དྭངས་གཙང་གི་ཁོར་ཡུག་ཞིག་ཏུ་འགྱུར་ཐུབ”ཅེས་བཤད།
ད་ཐེངས་ཀྱི་བྱེད་སྒོའི་ནང་ད་དུང་རབ་བཏགས་རི་མོ་དང་ཡི་གེའི་དྲིལ་བསྒྲགས་འགྲེམས་པང་གི་རྣམ་པའི་ཐོག་ནས་སློབ་གྲྭའི་བཙན་བརྙས་ཀྱི་རིགས་དང་། སྤྱི་ཚོགས་ཀྱི་གནོད་འཚེའི་རང་བཞིན་བཅས་ཀྱི་ཐོག་ནས་སློབ་མ་འབོར་ཆེན་ལྟ་སྐོར་བྱེད་པའི་ཡིད་དབང་བཀུག་ཡོད་པ་རེད། སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་གཉིས་པའི་བསྟན་འཛིན་ཕུན་ཚོགས་ཀྱིས“སློབ་གྲོགས་ཚོས་དེ་སྔོན་སློབ་གྲྭའི་བཙན་བརྙས་ཐད་ཀྱི་ངོས་འཛིན་རབ་རིབ་ཞིག་ཡིན། སྒྲོག་འགྲེལ་གྱིས་ངས་སྤྱི་ཚོགས་འབྲེལ་འདྲིས་ཁེར་རྐྱང་སོགས་ཚོར་དཀའ་བའི་བཙན་བརྙས་ཀྱི་རྣམ་པ་ཤེས་རྟོགས་བྱུང་བས། སློབ་གྲྭའི་བཙན་བརྙས་ཐད་ང་ཚོའི་དོགས་ཟོན་ཆེ་རུ་ཕྱིན་ཡོད་”ཅེས་བཤད། ལྷ་ས་གྲོང་ཁྱེར་མངའ་རིས་ཧའེ་པེའེ་ཆ་ཚང་སློབ་འབྲིང་གི་ཟླ་བ་ཆོས་སྒྲོན་གྱིས་ད་ཐེངས་ཀྱི་སྒྲོག་འགྲེལ་ལས་ང་རང་སློབ་གྲྭའི་བཙན་བརྙས་བཀག་འགོག་བྱེད་པའི་ཆོད་སེམས་བརྟན་དུ་ཕྱིན་བྱུང་བས། སླད་ཕྱིན་ངས་བཅའ་ཁྲིམས་བེད་སྤྱད་དེ་རང་ཉིད་ལ་དྲག་ཆས་སྤྲས་ཏེ་མི་གཞན་ལ་བརྩི་སྲུང་དང་ཤེས་རིག་ལྡན་པའི་སློབ་གྲྭའི་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཞིག་བྱ་རྒྱུ་ཡིན་ཞེས་བཤད།
གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་གྱིས་རྒྱུན་མཐུད་ངང་ཕྱོགས་ཁག་གི་སྤྱི་ཚོགས་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་སློབ་གསོར་སྐུལ་འདེད་བཏང་ནས། སློབ་གྲྭའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་སློབ་གྲྭའི་བཙན་བརྙས་གཏན་འགོག་གིས་ཐུན་མོང་ཐོག་བདེ་འཇགས་ཀྱི་སློབ་གྲྭ་བསྐྲུན་པར་སྐུལ་འདེད་བཏང་སྟེ་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།