http://zw.xzqnb.cn/Content/weixinlogo.png
མཚན་མོའི་སྨག་རུམ་གྱིས་ས་གཞི་ཆེན་མོ་ཡོངས་སུ་གཡོགས་ཏེ་རྣམ་ཀུན་
http://zw.xzqnb.cn/m/content/2025-09/12/001387.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བུ་མོ་གཡང་ཟླ་ཡི་མི་ཚེ།

༄༅། །ཀྱག་ཀྱོག་གི་མི་ཚེའི་ལམ་བུ།

༄༅། །བག་ཆགས་ཟབ་ཤོས་ཀྱི་བྱ་བ་ཞིག

ལོ་ཡི་60རིང་ལྷོ་ཁ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟོབས་བརྟན་པོ་ སྤོས་པ།

等待处理…

༄༅། །བུ་མོ་གཡང་ཟླ་ཡི་མི་ཚེ།

作者 ཁུངས་མོ་བཟང་གཤིས་གྲགས།
2025年09月12日

མཚན་མོའི་སྨག་རུམ་གྱིས་ས་གཞི་ཆེན་མོ་ཡོངས་སུ་གཡོགས་ཏེ་རྣམ་ཀུན་ཡོད་པའི་སྐར་མ་སྨིན་དྲུག་དང་ཇ་མ་སོགས་མཐོང་རྒྱུ་མེད་པར་གཡང་ཟླའི་ཁང་ཆུང་གྲུ་བཞི་ལ་འདྲེ་རླུང་གིས་མཐའ་བསྐོར་བ་ལྟར་དུ་བ་དང་སྨུག་པ་འདྲེས་མ་ཡིས་ཁང་ཆུང་གི་མཐའ་བཞི་མཐོང་མི་ཐུབ་པར་གྱུར།

ལྷིང་འཇགས་ཀྱི་མཚན་མོ་དེར་ཁོ་མོའི་མིག་ཟུང་གི་ཞིང་ཁམས་ནི་དམར་མདངས་ཀྱི་སྐུད་ཕྲས་བཏུམས་ཤིང་མགོ་བོ་ཅུང་སྒུར་ཞིང་དཀའ་ངལ་ཆེ་བའི་ངང་མལ་ཁྲིའི་ཟུར་དུ་གཟུགས་པོ་དཀྱོག་ཅིང་འཁུམས་ཏེ་བསྡད་པ་ནི་ཁང་པ་རྙིང་རུལ་གྱི་ལྡེབས་རིས་དང་མཚུངས། དེ་ནི་ཁོ་མོས་རང་གི་ཁྱོ་བོ་སྒུག་ནས་བསྡད་པའི་མཚན་དགུང་བདུན་བཅུ་དོན་དགུ་དེ་ཡིན། ཁོ་མོ་སྔར་བཞིན་མནོ་བསམ་གྱི་དྲ་རྒྱར་ཚུད། འདས་སོང་དགོང་མོ་བདུན་བཅུ་དོན་བརྒྱད་རིང་ཁོ་ནི་དགོང་མོ་མ་ཉལ་རྟ་དང་འདྲ། སྔ་དྲོ་མ་ལངས་བ་དང་འདྲ་བར་དགོང་མོ་དགོང་གང་འཁྱམས་ནས་བསྡད། ཉིན་མོ་ཉིན་གང་ཉལ་ནས་བསྡད། ཡང་ན་ཉིན་གཅིག་ལ་བརླག་འགྲོ་གི་ཡོད། དེ་སྔོན་ཕ་མ་གཉིས་ཀྱི་ནོར་བུར་འཛིན་པའི་གཡང་ཟླ་ནི་མ་གཞི་མཚན་གུང་དུ་གཅིག་པུར་ཉལ་མྱོང་རུང་འདི་ལྟར་མི་གཞན་ལ་ཆེས་དམ་ཟབ་ཀྱིས་དོ་སྣང་བྱེད་མི་མྱོང་བས་ཁོ་མོ་ནི་དངངས་འཚབ་དང་འཇིགས་སྣང་སོགས་གྲང་ཤུར་ཤུར་གྱི་མཁའ་རླུང་ནང་དུ་ཚུད། དེ་སྔོན་གཡང་ཟླ་ནི་ཕ་མ་གཉིས་ཀྱི་གཅེས་ཕྲུག་ཡིན་ལ་ལུང་གྲོང་དེའི་སྤོབས་པ་ཡང་ཡིན། གང་ལགས་ཤེ་ན། ཁོ་མོ་དེ་སྔོན་དམ་པའི་ཆོས་ལ་དད་ཅིང་རང་ཚུགས་ཐུབ་པའི་ཚུལ་ཁྲིམས་དང་ལྡན་པའི་བུད་མེད་དག་གཙང་མ་ཞིག་ཡིན།

འདས་སོང་གི་མི་ལོ་སུམ་ཅུ་ཡི་རིང་ཡིག་རྨོངས་ཡིན་པའི་ཁོ་མོས་སྤྱི་ཚོགས་འདིར་མགོ་སྒུར་ནས་བསྡད་མེད་ཅིང་རང་གི་རིག་པ་དང་བློ་སྟོབས་ལ་བརྟེན་ནས་རྫོང་གྲོང་དུ་གཞན་སུས་ཀྱང་རོགས་པ་བྱེད་མི་མྱོང་བའི་ཟ་ཁང་ཞིག་བཙུགས། མ་གཞི་ཟ་ཁང་གཞན་ལྟར་ཆེ་ཞིང་ཞབས་ཞུ་བ་མང་པོ་མེད་རུང་གཙང་སྦྲ་འཕྲོད་བསྟེན་ཡག་ལ་ཟ་ཁང་གཞན་གྱིས་བཟོ་མི་མྱོང་པའི་དཀར་ཟས་ཡོད་སྟབས། ཟ་ཁང་ནང་དུ་མི་ཡོང་མཁན་བར་མི་ཆད་པས་རྫོང་གྲོང་དུ་ཁོ་མོའི་ཟ་ཁང་དེ་ཅུང་ཟད་སྐད་གྲགས་ཆེ་རུ་སོང་། དེ་ལྟར་ཁོ་མོར་ཡང་རིགས་བཟང་གི་གཟུགས་མཛེས་རིན་ཆེན་གཡང་ཟླ་ཞེས་པའི་མིང་བྱང་ཐོག་མི་སྐྱ་འགའ་ཞིག་གི་གྲོགས་སུ་ཡང་གྱུར། ཁོ་མོས་ཟ་ཁང་བཙུགས་པའི་ལོ་བརྒྱད་པ་དེར་ཚ་རླུང་དྲག་པོས་དེད་པའི་ཚེ་འདིའི་བཟའ་ཟླ་ཐུག ཟླ་བ་གསུམ་ཙམ་ཕན་ཚུན་རྒྱུས་ལོན་རགས་ཙམ་བྱས་རྗེས་ཁོ་མོའི་ཡུན་རིང་དག་གཙང་གངས་ལྷ་མེ་ཏོག་དེ་ནམ་ཁུང་གཅིག་གི་སེར་བས་བཅོམས། སྐབས་དེ་དུས་རྡོ་རྗེས་ཁོ་མོར་མི་ཚེ་གཅིག་གི་བདེ་སྐྱིད་སྤྲོད་པ་དང་ཁོ་མོ་རང་ཉིད་ཀྱི་ཕྲུ་གུ་ལྟར་བྱམས་སྐྱོང་བྱེད་པའི་རྡོ་ལ་རི་མོ་བྲིས་པའི་དམ་བཅའ་བཞག དེ་ལྟར་གཡང་ཟླ་ཡང་ཁོའི་སྤུ་གྲིའི་སྦྲང་རྩི་ཡིས་བསླུས།

ཟླ་བ་བཞི་ཙམ་སོང་རྗེས་ཁོའི་བྲེལ་འཚུབ་ཀྱི་སྡུག་སྐད་ཁྲོད་ཁོ་མོས་གཉེན་སྒྲིག་པ་སེ་བླངས་ཏེ་ཁྱིམ་ཚང་ཆེན་མོ་དང་ཁ་བྲལ་ནས་རྡོ་རྗེ་དང་ལྷན་དུ་འཚོ་བ་སྐྱེལ་བའི་རེ་བ་བཅངས། ཆང་ས་ཚར་རྗེས་ཀྱི་ཟླ་བ་གསུམ་ཙམ་རིང་ཁོ་གཉིས་ཀྱི་འཚོ་བ་བདེ་སྐྱིད་ངང་བསྐྱལ་ཡོད་རུང་རྗེས་ཀྱི་དུས་ཟླའི་ཁྲོད་རྡོ་རྗེ་ཡི་གདོང་གཤིས་ངོ་མ་དེ་དལ་བུར་མངོན། སྒུག་ཡུན་དང་སྡུག་བསྔལ། དངངས་ཚབ་ཡིད་ཆད་སོགས་དོན་དངོས་ཀྱི་གནས་ཚུལ་དེ་ཚོར་གཡང་ཟླ་ཡིས་ལས་དབང་ལ་ཁ་གཡར་ཞིང་དོན་དངོས་ལ་གཡོལ་ཏེ་ཆོ་མེད་ཀྱི་དོན་དངོས་ཀྱི་འཚོ་བ་བསྐྱལ། དེ་ནས་ཟླ་བ་ཁ་ཤས་རིང་དགའ་ཉེ་གྲོགས་པོ་མང་པོ་ཁོ་མོ་བཙལ་དུ་ཡོང་། དེ་ལྟར་ཡོང་དོན་ཡང་ཁོ་མོས་ཤེས། འོན་ཀྱང་ད་ཐེངས་ཁོ་ཚོའི་དངངས་འཚབ་དང་སྐྱོ་སེམས་ཀྱི་བཞིན་མདངས་ལ་བལྟས་ན། དོན་དག་ཀྱང་གལ་ཆེ་བ་ཡོད་ཤག་རེད་སྙམ་དུས་ཚང་མའི་བྱད་བཞིན་གཅིག་པ་གཅིག་རྐྱང་སྟེ། ཁོ་ཚོས་སྐད་ཆ་ཞིག་བཤད་གྲབས་བྱས་ཀྱང་སྐད་ཆ་ལྕེ་རྩེ་ནས་འགོར་ཏེ་ཡང་བསྐྱར་མིད་ཁྱུར་བཏང་ཞིང་ཕྱི་སྒོ་ནས་ཐོན་ཏེ་རྒྱང་རིང་ནས་རྒྱང་རིང་དུ་སོང་། ཉིན་ཤས་རྗེས་ཁོ་མོའི་སྔར་གྱི་མཆེད་གྲོགས་ཀྱིས་ཞལ་པར་བཏང་ཡོང་། ཁོ་མོས་ཁ་པར་ལེན་རྩིས་བྱེད་སྐབས་རྡོ་རྗེ་ཡིས་ཁོ་མོའི་ལག་ནས་ཁ་པར་ཧབ་འཕྲོག་བརྒྱབ་ཅིང་ཁ་པར་བླངས། ཁ་པར་རྒྱག་མཁན་བུ་ཡིན་པ་ཤེས་ཙང་ཁོས་ཕ་རོལ་ལ་ཚིག་རྩུབ་དང་འཇིགས་སྣང་སྐུལ་བཞིན་རྗེས་སུ་ད་དུང་ཁ་པར་བརྒྱབ་ན་ཕ་རོལ་གསད་རྒྱུ་ཡིན་ཞེས་གཡང་ཟླས་རྣམ་ཀུན་ཐོས་མྱོང་མེད་པའི་ཚིག་འབྲུ་འགའ་སྨྲས་དེ་ལག་ཤུགས་ཆེན་པོས་ཁ་པར་མོའི་པང་ཁར་གཡུགས། ཉིན་དེ་ནས་བཟུང་ཁོའི་དེ་སྔོན་གྱི་གཤིས་ཀ་འཇམ་པོའི་གདོང་རིས་དེ་ཡོངས་སུ་བརླག

དུས་ཀྱི་འཁོར་ལོ་བསྐོར་བའི་ཁྲོད་ཁོ་མོའི་དཀར་གཙང་ལྡན་པའི་བཞིན་མདངས་ལ་མི་སྡུག་པའི་གྲུ་ཐིག་འགའ་རེ་རྙོག་འཛིང་ཚ་བའི་རི་མོ་ལྟར་མཆིས། འོན་ཀྱང་ཁོ་མོས་དེ་ནི་ལས་ཀྱི་བསྐོས་ཐང་རེད་ཟེར་བཞིན་འཁོར་བ་དེར་བསྐོར་ཞིང་འཁོར་བཞིན་ཕྲུ་གུ་འཁོར། ཕྲུ་གུ་ཟླ་བ་དྲུག་ཕྱིན་པའི་ཉིན་གཅིག་གི་ཞོགས་པར་ཁོ་མོར་སླར་ཡང་དེ་སྔོན་གྱི་མཆེད་གྲོགས་ཀྱི་ཁ་པར་འབྱོར། ཁོ་མོའི་དྲུང་དུ་རྡོ་རྗེ་བསྡད་མེད་སྟབས་གཟབ་གཟབ་སིག་སིག་གིས་ཁ་པར་དལ་བུར་རྣ་བའི་འགྲམ་དུ་ཁྱེར་ཏེ་ཁམས་བཟང་ཞེས་བཤད་མ་ཚར་གོང་ཕ་རོལ་པོས་དངངས་འཚབ་ངང་ཁོ་མོར་ཆོས་སྐྱོར་བ་ལྟར་བཀའ་མོལ་མང་པོ་གསུངས། ཁོ་མོའི་གདོང་ནི་སྤྲེའུ་ཡིས་སྐད་ཆ་བཤད་པ་མཐོང་བ་ལྟར་ཧ་ལས་ཤིང་ཁོ་མོའི་སྙིང་རང་དབང་མེད་པར་ལྡིག་ལྡིག་དུ་དབྱུགས་ཤིང་གཟུགས་ཕུང་ནི་རླུང་གིས་བསྐྱོད་པའི་ལྕུག་ཕྲན་བཞིན་འདར་སིག་སིག་བྱེད། ཁོ་མོས་ལག་གཉིས་ཀྱིས་ཁ་པར་དེ་དམ་པོར་བཟུང་ནས་འགུལ་ཙམ་ཡང་མ་བྱས་པར་ཤེལ་སྒྲོམ་ནང་གི་དེབ་ཆུང་དམར་པོ་གཉིས་ཀྱི་ཕྱོགས་ལ་ཅེ་རེར་བལྟས།

དེ་ལྟར་རང་ཉིད་ཀྱི་མི་ཚེའི་རི་མོ་སེམས་ལ་འཆར་དེ་བསྡད་དུས“ཐག་ཐག་ཐག"སྒོ་རྡུང་བའི་སྒྲ་འཚུབ་ཞིག་རྣ་བར་ཚོར། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博