ཟླ་7ཚེས་29ཉིན། 2025ལོའི་སློབ་ཆེན་སློབ་མའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་རྒྱང་སྐྱོད་མཛད་སྒོ་ལྷ་ས་རུ་འཚོགས་པ་རེད། པེ་ཅིང་དང་། ཧོའོ་པེ། སི་ཁྲོན། ཧུའུ་ནན། ཧྲང་ཧའེ། བོད་ལྗོངས་སོགས་ཞིང་ཆེན་22(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་)ནས་ཡོང་བའི་དང་བླངས་པ་1200ལྷག་ཙམ་བོད་ཀྱི་གྲོང་ཁྱེར་7ལ་སླེབས་ཏེ་གྲོང་གསེབ་འཛུགས་སྐྱོང་དང་། གཞི་རིམ་གཞོན་ནུའི་ལས་དོན་ལ་ཞབས་འདེགས་ཞུ་བ། གྲོང་གསེབ་བདེ་ཐང་། རྒྱལ་སྲུང་མཐའ་སྲུང་། གྲོང་གསེབ་སློབ་གསོ་དང་སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
སྤྲོ་སྣང་ཆེ་བའི་རོལ་སྒྲའི་ཁྲོད་དར་ཆ་སྤྲོད་པའི་མཛད་སྒོ་གཟི་བརྗིད་ངང་སྤེལ་ཏེ། གྲོང་ཁྱེར་7(ས་གནས)དང་བླངས་ཞབས་ཞུ་རུ་ཁག་དང་ལྗོངས་ཐད་གཏོགས་དང་བླངས་ཞབས་ཞུ་རུ་ཁག་གི་རུ་དཔོན་གྱིས་རྒྱང་སྐྱོད་དར་ཆ་བླངས་ཤིང་དང་བླངས་པ་རྣམས་ཀྱིས་གཡས་ཀྱི་ཁུ་ཚུར་མཐོན་པོར་བསྒྲེངས་ཏེ། ཐུན་མོང་ངང་“ངས་གཟི་བརྗིད་ལྡན་པའི་གཞོན་ནུ་དང་བླངས་པ་ཞིག་བྱས་ནས་རང་ནུས་གང་ཐུབ་བྱེད་པ་ལས་གླ་ཕོགས་གཙོ་བོ་མི་བྱེད་པ། མི་གཞན་ལ་རོགས་རམ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་”ཞེས་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག།
རྒྱང་སྐྱོད་མཛད་སྒོའི་ཐོག་ད་དུང་2024ལོ་ནས་2025ལོ་བར་གྱི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་གྱི་ཕུལ་བྱུང་དང་བླངས་པར་གཟེངས་བསྟོད་བྱས་པ་དང་། བྱ་དགའ་ཐོབ་པའི་དང་བླངས་འཐུས་མི་བསྟན་འཛིན་ཆོས་རྒྱལ་དང་། ཀྲའོ་ཧུང་མིན། ཞུས་ཧའོ་ཅེ། ཀའོ་ཅིན་ཡུའུ། ཧོང་ཡན་ཅེ། ལའི་པིན་པིན། ཝང་ཧྲུའུ། ཞུས་ཡུས་ཧུའེ་བཅས་ལ་མཚན་སྙན་ལག་ཁྱེར་སྤྲད་པ་རེད།
བྱ་དགའ་ཐོབ་པའི་དང་བླངས་བསྟན་འཛིན་ཆོས་རྒྱལ་གྱིས་“འདས་ཟིན་པའི་ལོ་གཉིས་ནང་རང་ཉིད་གཤགས་བཅོས་སྟོང་ཕྲག་ལྷག་ཙམ་ནང་ཞུགས་པ་དང་ལེགས་གྲུབ་ཀྱི་གཟུགས་བཪྙན་སྣ་ཚོགས་ཀྱི་ཞིབ་བཤེར་ཐེངས་ཁྲི་ལྷག་ཙམ་བྱས་ཡོད། ཆེད་ལས་ཀྱིས་སྦྱངས་པ་སྤྱད་དེ་ལས་ཀའི་ཁྲོད་འཕྲད་པའི་དཔེ་མཚོན་ངོ་མ་དང་ཟུང་འབྲེལ་བྱས་ནས། བོད་རྒྱ་སྐད་གཉིས་ཀྱི་ཚན་རིག་ཁྱབ་གདལ་གྱི་འགུལ་རིས་བརྙན་ལམ་བཟོས་པ་བཅས་ཀྱི་བྱ་སྤྱོད་འདི་དག་གི་རྒྱབ་ཏུ་ཆེས་ཐོག་མའི་“མཐོང་བ་”དང“ཅི་ཞིག་སྒྲུབ་འདོད་པའི”ངར་ལངས་བྱུང་ ”ཞེས་བཤད།
“སེར་ཤང་དུ་མཐའ་མཚམས་ནི་ང་ཚོའི་འགན་འཁྲིའི་ལམ་སྐུད་”ཡིན། མཐའ་མཚམས་བསྐོར་སྐྱོད་ཐེངས་རེར་འགྲིམ་པར་གངས་རི་དང་། འདམ་རྫབ། གཡང་གཟར་རྡོ་ཧྲུག་བཅས་ཀྱི་ས་ཆའི་ལམ་ཐིག་ཕྱེད་ཀ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡི་ཡན་ཟིན་ཡོད། ངས་ཉི་འོད་ཀྱིས་འཚེར་བའི་ཡིག་འབྲུ་“ཀྲུང་གོ”ཞེས་པར་བལྟས་ཚེ་ཐོག་མར་འདིར་ཡོང་བའི་དམ་བཅའ་དྲན་ནས། ལང་ཚོའི་དོན་སྙིང་ཅེས་པ་གཅིག་བྱས་ན་
གོམ་པ་རེ་རེ་བཞིན་ཚད་འཇལ་བའི་དུས་ཚོད་དེའི་ནང་སྦས་ཡོད་ཀྱང་སྲིད་”ཅེས་2024ལོའི་རྒྱལ་སྲུང་མཐའ་སྲུང་གི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཡོའོ་ཐའོ་ཡིས་བཤད།
2025ལོའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཀྲུང་ཧྲན་སློབ་ཆེན་སྐབས་27པའི་ཞིབ་འཇུག་སློབ་མའི་སློབ་གསོ་རོགས་སྐྱོར་ཚོགས་པའི་ཁྲང་ཧྲ་ཅ་དབྱིས། “སྐབས་དེར་ང་ཚོས་གྲ་སྒྲིག་བྱས་ནས་སྒུག་ཡོད་དེ། ཤེས་བྱར་སེར་སྣ་སྤུ་ཙམ་ཡང་མེད་པར་ནུབ་རྒྱུད་ཀྱི་ཕྲུ་གུ་ཚོར་འབུལ་རྒྱུ་དང་། ཞབས་ཞུ་དང་ལག་ལེན་ཁྲོད་དེ་བས་གཏིང་ཟབ་པའི་ཀྲུང་གོ་ཤེས་རྟོགས་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། 2003ལོ་ནས་བཟུང་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་རྒྱུན་མཐུད་ངང་རྒྱལ་ཡོངས་མཐོ་སློབ་ཀྱི་སློབ་དུས་འདིའི་སློབ་ཐོན་སློབ་མ་བསྡུ་སྐོང་བྱས་ཏེ། ལོ་1ནས་3བར་བོད་ཀྱི་གཞི་རིམ་དུ་བསྐྱོད་ནས་དང་བླངས་ཞབས་ཞུ་སྒྲུབ་པ་དང་། ལོ་22རིང་དང་བླངས་པའི་བརྒྱ་ཆ་30ཙམ་བོད་དུ་ལས་ཀ་བྱས་ནས་སྡོད་པ་རྒྱུན་མཐུད་བྱས་ཡོད།
བསོད་བསྟན་གྱིས་བསྒྱུར།