མི་ལ་བརྩོན་འགྲུས་ལྡན་གྱུར་ན། །མི་འགྲུབ་བྱ་བ་ཅི་ཡང་མེད། །ཅེས་པ་བཞིན་བརྩོན་པ་ལྷོད་མེད་བྱས་ཏེ་ཧུར་ཐག་འབད་ཐག་གིས་བྱ་བ་བསྒྲུབས་ན་འགྲུབ་མི་ཐུབ་པའི་བྱ་བ་ཅི་ཡང་མེད་པས། བརྩོན་འགྲུས་ནི་གལ་ཆེན་ཞིག་ཡིན་པ་བསྟན་ཡོད། དེ་ཡང་མདོར་བསྡུས་ན་མི་ཞིག་ལ་སྡུག་རུས་ཡོད་མེད་ལ་རག་ལས་པ་ཡིན།
དལ་འབྱོར་ལུས་རྟེན་ཐོབ་པའི་མི་སུ་ཡིན་རུང་སྡུག་རུས་བསྐྱེད་དགོས་པ་ནི་ཆོས་ཉིད་རེད། སྡུག་རུས་མ་བསྐྱེད་ན་མཇུག་འབྲས་ལེགས་པོ་ཞིག་འབྱུང་དཀའ་བས་མི་སུ་ཡིན་རུང་སྡུག་རུས་བསྐྱེད་དགོས། སྡུག་རུས་བསྐྱེད་ན་ད་གཟོད་རྒྱུགས་འབྲས་བཟང་པོ་ཞིག་ལོན་ངེས་ལ། སྡུག་རུས་མ་བསྐྱེད་ན་རྒྱུགས་འབྲས་བཟང་པོ་ཞིག་ལོན་མི་སྲིད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ང་ཚོས་སྡུག་རུས་ཐུབ་པའི་མི་མང་པོ་ཞིག་མཐོང་ཐུབ་པ་ཡིན། ང་ཚོས་ཁོང་ཅག་གི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དང་སྡུག་རུས་ལ་སློབ་སྦྱོང་བྱེད་དགོས། ང་ཚོའི་རྒྱུན་ལྡན་གྱི་ལྟོ་གོས་ཚང་མ་ནི་སྡུག་རུས་ལ་བརྟེན་ནས་བཙལ་དགོས་པས། དྲིན་ཆེན་ཕ་མ་གཉིས་ཀྱིས་ཉིན་མཚན་ལ་དབྱེ་བ་མེད་པར་དཀའ་སྡུག་གི་འཚོ་བར་རོལ་བཞིན་ཡོད། ཡིན་ན་ཡང་། ཁོ་ཚོར་ཡི་ཆད་དང་སུན་སྣང་མེད་པར་མུ་མཐུད་བརྩོན་པས་འཇུག་བཞིན་པ་ནི་ང་ཚོ་བུ་ཕྲུག་ཚོའི་ཆེད་དུ་ཡིན་པ་སྨོས་ཅི་དགོས། བཀའ་དྲིན་རི་རབ་ལས་དཔང་མཐོ་བའི་ཕ་མ་གཉིས་ཀྱི་དྲིན་ལན་ནི་ནམ་ཡང་འཛད་མཐའ་མེད་པས་ང་ཚོས་སྡུག་རུས་བསྐྱེད་དེ་སློབ་སྦྱོང་ལ་འབད་པ་བྱེད་དགོས། སྡུག་རུས་ལ་བརྟེན་ནས་ཐོབ་པའི་འབྲས་བུ་ནི་ད་ལྟའི་སྤྱི་ཚོགས་སུ་སུས་ཀྱང་ཁས་ལེན་བྱེད། ཕུན་སུམ་ཚོགས་པའི་འབྲས་བུ་མཐའ་དག་ནི་སྡུག་རུས་དང་འབད་བརྩོན་ལ་བརྟེན་ནས་ཐོབ་པ་ཡིན། སྡུག་རུས་མེད་ན་བདེ་སྐྱིད་ཅེས་པ་འབྱུང་མི་སྲིད་པས། རང་ཉིད་ཀྱིས་ཆུང་དུས་ནས་སྡུག་རུས་བྱས་ན་ནར་སོན་རྗེས་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྱེལ་ཐུབ་པ་ནི་སྨོས་མི་དགོས།
དེ་བས། རང་ཅག་ནི་ཤེས་བྱའི་སློབ་གླིང་ནས་ཤེས་རིག་གི་མེ་ཏོག་འཐུ་མཁན་གྱི་སློབ་མ་ཡིན་པའི་ངོས་ནས། ད་ནས་བཟུང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཀའ་ཁག་མཐའ་དག་གདོང་གིས་བསུས་ཏེ་སློབ་སྦྱོང་ལ་འབད་པ་བྱེད་དགོས། བརྩོན་འགྲུས་བསྐྱེད་དགོས། སྡུག་རུས་ངེས་པར་དུ་བསྐྱེད་དགོས་སོ། །