ལོ་གཅིག་གི་དུས་ཡུན་ནང་མི་ཚེ་གང་བོར་བརྗེད་ཐབས་མེད་པའི་བྱ་བ་སྒྲུབ་པ། རྒྱ་མཚོའི་འགྲམ་གྱི་ལེའོ་ཉིང་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཉིང་ཁྲི་བར་རི་དང་ཆུ་བོ་ཁྲི་སྟོང་བརྒལ་ནས་སློབ་གསོའི་རོགས་སྐྱོར་གྱི་ལམ་བུར་བསྐྱོད་པའི་སློབ་སྐྱོར་ཚོགས་པ་ཉིང་ཁྲིར་སླེབས་ཏེ་བྱེད་སྒོ་ཐེངས་ 600ལྷག་ཙམ་སྤེལ་བ་རེད། 2024ལོའི་ཟླ་8པར། སྐབས་བཅུ་གཅིག་པའི་ཞིབ་འཇུག་སློབ་སྐྱོར་ཚོགས་པ་ལེའོ་ཉིང་ནས་ཐོན་ཏེ་གངས་ལྗོངས་ས་མཐོར་དངོས་སུ་བསྐྱོད་དེ་དུས་ཡུན་ལོ་གཅིག་གི་སློབ་གསོའི་རོགས་སྐྱོར་དངོས་སུ་འགོ་ཚུགས་ཡོད།
བློ་སེམས་གཅིག་ཏུ་སྦྲིལ་ནས་སློབ་གསོར་ཐབས་ལམ་གསར་པ་དཔྱད་པ། སྐད་བརྡ་རིག་པའི་ཆེད་ལས་པ་ཀྲན་པིན་ཀྲེན་གྱིས་སྐད་ཆ་ནི་རིག་གནས་མཉམ་འདྲེས་ཀྱི་ཟམ་པ་ལྟ་བུ་ཞིག་ཡིན་པ་ཚོར་སྣང་བྱུང་ནས། ཁོང་གིས་རྒྱ་སྐད་དང་བོད་སྐད་ཀྱི་རིག་གནས་དབར་མི་འདྲ་སར་རྒྱུན་ཆད་མེད་པར་བསམ་བློ་བཏང་སྟེ། མུ་འབྲེལ་རིགས་འབྲེལ་གྱི་བྱེད་སྒོ་སྤེལ་ནས་ཀྲུང་ཧྭ་རིག་གནས་དེ་ས་མཐོའི་གཞོན་ནུ་ཚོའི་སེམས་སུ་སྙིང་ཉེ་བ་ཞིག་ཏུ་གྱུར་ཏུ་བཅུག་ཡོད། ཀྲན་པིན་ཀྲེན་གྱིས་རང་ཉིད་ནི་སློབ་ཆེན་སློབ་མ་ཞིག་ནས་མི་དམངས་ཀྱི་དགེ་རྒན་ཞིག་ཏུ་འགྱུར་བས་དེ་བས་བློ་བརྟན་འགྱུར་མེད་ངང་ཁ་ཕྱོགས་སྔར་ལས་བརྟན་པའི་འོག་སློབ་མ་གསོ་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད།
ཕྲུ་གུ་ཚོར་འཛམ་གླིང་ས་ཕྱོགས་ཁག་གི་མཛེས་སྡུག་ལྡན་པའི་སྣ་མང་འཕེལ་རྒྱས་མཐོང་དུ་འཇུག་པ། ས་མཐོའི་གནམ་སྔོ་དང་སྤྲིན་དཀར་དག་མཛེས་སྡུག་ལྡན་ནའང་། ཉིང་ཁྲི་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་ནང་ཐག་རིང་ཞིང་འབྲོག་ཁུལ་ནས་ཡོང་བའི་སློབ་མ་ཚོས་སྣ་མང་ཤེས་བྱར་རེ་འདུན་བྱེད་པ་ནི་དེ་བས་ཀྱང་མཛེས་སྡུག་ལྡན་པར་འགྱུར། ལེའོ་ཉིང་དགེ་འོས་སློབ་ཆེན་ཞིབ་འཇུག་སློབ་སྐྱོར་གྱིས་ཇུས་འགོད་ཞིབ་ཚགས་བྱས་ཏེ་“ངའི་སློབ་ཆེན”གྱི་འཚོ་བའི་འཆར་འགོད་སློབ་ཚན་དང་སེམས་ཁམས་ཟུར་ཁྲིད་སློབ་ཚན། གཏམ་བཤད་འགྲན་བསྡུར་ཆེན་པོ་སོགས་ཀྱི་བྱེད་སྒོ་སྤེལ་ནས་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་ཐེངས་20ལྷག་ཙམ་གཉེར་བ་རེད། སློབ་སྐྱོར་ཚོགས་པས་སློབ་མ་ཚོར་ཤེས་བྱ་སློབ་པ་དང་དུས་མཚུངས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་དུ་བཅུག་པ་རེད། སློབ་སྐྱོར་ཚོགས་པའི་ཁོངས་མི་ཀྲའོ་ཆིང་ཡུས་ཀྱིས་སློབ་མ་ཚོར་“སློབ་སྦྱོང་ཡག་པོ་བྱས་ནས་ཉིན་རེ་བཞིན་ཡར་རྒྱས་ཡོང་བ་དེ་ནི་འབོད་ཚིག་མ་ཡིན་པར། ཚང་མས་དངོས་སུ་འབད་བརྩོན་བྱེད་དགོས་པ་ཞིག་ཡིན། ངེས་པར་དུ་སློབ་ཆེན་ལ་རྒྱུགས་ལེན་དགོས་པ་དང་། ངེས་པར་དུ་ཕྱི་ལ་བལྟ་རུ་འགྲོ་དགོས། ངེས་པར་དུ་ཕྱིར་ལོག་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་རྒྱུ་བརྗེད་མི་རུང་ ”ཅེས་མངགས་བཅོལ་བྱས།
འཛིན་གྲྭའི་ཀྲུའུ་རེན་གྱི་ལས་གནས་སྟོང་པར་ལུས་སྐབས་ཞིབ་འཇུག་སློབ་སྐྱོར་ཚོགས་པའི་ཁོངས་མི་ཅང་ཏུང་ཧན་གྱིས་ཐེ་ཚོམ་སྤུ་ཙམ་མེད་པའི་སྒོ་ནས་འགན་དང་དུ་ལེན་བ་དང་། ཁོང་གིས“ལོ་འདི་ནི་ང་དང་སློབ་གྲོགས་ཚོ་དབར་ཐུན་མོང་ཐོག་འཚར་ལོངས་ཡོང་བའི་འགྲུལ་ལམ་ཞིག་ཡིན། ཁོང་ཚོའི་འོད་ཟེར་གྱིས་ངའི་ལང་ཚོ་ས་མཐོའི་ཐོག་རྩ་བ་ཚུགས་ནས་སྔར་བས་བློ་བརྟན་འགྱུར་མེད་ངང་དགེ་རྒན་གྱི་འགན་འཁུར་ཐུབ་པ་བྱུང་ཡོད་པས་མཛའ་གྲོགས་ཀྱི་བརྩེ་སེམས་དེ་ནི་ངའི་ཚེ་སྲོག་གི་ཆེས་རྩ་ཆེན་གྱི་འཚོ་བཅུད་ཞིག་ཀྱང་ཡིན་”ཞེས་བཤད།
འདི་ལོ་ནི་ང་དང་སློབ་མ་མཉམ་དུ་འཚར་ལོངས་བྱུང་བའི་ལོ་གཅིག་ཡིན། ཟླ་7ཚེས་2ཉིན་གྱི་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཚང་འཛོམས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཉེར་བརྒྱད་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ནང་“རྒྱ་ཆེའི་གཞོན་ནུ་ཚོས་རང་རྟོགས་ངང་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་ནས་ཕུགས་འདུན་དད་སེམས་བརྟན་པོ་དང་། ཁྱིམ་ཞེན་རྒྱལ་ཞེན་ཟབ་སྤེལ། ལོ་རྒྱུས་ཀྱི་འགན་འཁྲི་དཔའ་ངར་ཆེན་པོས་འཁུར་བ། ལང་ཚོའི་འགན་འཁུར་གྱི་ལེའུ་འབད་བརྩོན་ཆེན་པོས་རྩོམ་པ་” ལོ་གཅིག་གི་དུས་ཚོད་ནང་ཞིབ་འཇུག་སློབ་སྐྱོར་ཚོགས་པ་སྐབས་བཅུ་གཅིག་པའི་ཁོངས་མིས་བྱིས་པའི་འཚར་ལོངས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད།
སློབ་སྐྱོར་ཞིབ་འཇུག་ཚོགས་པའི་ཁོངས་མི་ལི་ཤིན་དབྱིས་སློབ་གསོའི་རོགས་སྐྱོར་གྱི་བརྒྱུད་རིམ་ནང་པར་ལེན་དང་བརྙན་ལམ་ཐོག་ནས་སློབ་མའི་འགྱུར་ལྡོག་བཀོད་ཡོད་པས། ཁོང་གིས་“འཆད་སྟེགས་ཐོག་ལངས་སྐབས་ཕྲུ་གུ་ཚོའི་དྭངས་གསལ་མིག་མདངས་དང་འོད་སྟོང་འཕྲོ་བའི་འཛུམ་མདངས་ཀྱིས་ངས་སློབ་གསོའི་སྟོབས་ཤུགས་ཤེས་རྟོགས་བྱུང་”ཞེས་སེམས་འགུལ་ཆེན་པོས་བཤད།
སློབ་སྐྱོར་ཚོགས་པའི་ཁོངས་མི་ཝང་ཡུས་ཀྱིས་སེམས་འགུལ་ཐེབས་ནས་བཤད་རྒྱུར། “ཕུགས་བསམ་ལྡན་པ་དང་། འགན་འཁུར་ཕོད་པ། དཀའ་ངལ་བཟོད་ཐུབ་པ། འབད་འཐབ་བྱེད་འདོད་བཅས་ཀྱི་གཞོན་ནུ་གསོ་སྐྱོང་བྱེད་པར་རང་ཉིད་ཀྱི་ལང་ཚོ་ལེགས་སྐྱེས་སུ་འབུལ་ཐུབ་པ་ནི་ང་རང་གངས་ལྗོངས་ས་མཐོར་ཡོང་བའི་ཆེས་མཛེས་སྡུག་ལྡན་པའི་བྱ་བ་ཞིག་རེད”ཅེས་བཤད།
ལེའོ་ཉིང་དགེ་འོས་སློབ་ཆེན་གྱི་སློབ་སྐྱོར་ཚོགས་པའི་ལང་ཚོའི་གཏམ་རྒྱུད་ནི་བོད་ཀྱི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆེས་ཡིད་དབང་འཕྲོག་པའི་སྙན་ངག་ཞིག་ཡིན་ལ། ལམ་ཐག་ལེ་བར་སྟོང་ཕྲག་ཆོད་ནའང་སློབ་གསོ་བའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་དེས་མཐར་རི་རྩེ་སྟོང་ཕྲག་དང་གྲོག་རོང་ཁྲི་སྟོང་བརྒལ་ནས་མཛེས་སྡུག་ལྡན་པའི་ལང་ཚོའི་སྐལ་བཟང་མེ་ཏོག་དེ་ནམ་མཁའ་དང་ཐག་ཉེ་བའི་ས་ཆར་བློ་བརྟན་འགྱུར་མེད་ངང་བཞད་དུ་བཅུག་ཡོད། མི་རབས་གསར་པའི་སློབ་གསོ་རོགས་སྐྱོར་མཁན་གྱིས་དཔལ་འབར་དང་ལེན་བྱེད་སྐབས། དད་སེམས་ཀྱིས་བསྐྲུན་པའི་སློབ་གསོའི་ལམ་ཐག་རིང་པོ་དེ་ས་མཐོའི་ཞོགས་པའི་ཉི་འོད་ལྟར་དེ་བས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་སུ་བསྐྱངས་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།
བསོད་བསྟན་གྱིས་བསྒྱུར།