http://zw.xzqnb.cn/Content/weixinlogo.png
གཙང་ལ་སྟོད་དིང་རིར་ས་ཡོམ་བྱུང་བ་ནས་བཟུང་འཛམ་གླིང་ས་ཕྱོགས་ཁག་
http://zw.xzqnb.cn/m/content/2025-07/11/001286.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བདག་གི་ཕ་ཡུལ་དང་དགུན་ཁ།

༄༅། །ཚོར་བ་སྐྱེན་པོའི་གླུ།

༄༅། །ཇོ་རིའི་གཤམ་གྱི་མི་སེམས་འགུལ་བའི་བྱ་བ།

等待处理…

༄༅། །ཇོ་རིའི་གཤམ་གྱི་མི་སེམས་འགུལ་བའི་བྱ་བ།

作者 རང་ཚུགས།
2025年07月11日

གཙང་ལ་སྟོད་དིང་རིར་ས་ཡོམ་བྱུང་བ་ནས་བཟུང་འཛམ་གླིང་ས་ཕྱོགས་ཁག་གི་སྤུན་ཟླའི་བློ་སེམས་གཅིག་ཏུ་སྦྲེལ་ནས་ཟས་གོས་སྡོད་གསུམ་གྱི་ཐད་ལ་རོགས་རམ་ཤུགས་ཆེན་གནང་བ་མ་ཟད་གདུང་སེམས་མཉམ་བསྐྱེད་ཀྱིས་དིང་རིའི་སྤུན་ཟླར་རྒྱུ་དངོས་གང་རུང་གི་ཆ་རྐྱེན་བསྩལ། ཇོ་མོ་གླང་མའི་འདབས་རོལ་དུ་གནས་པའི་དིང་རིར་ས་ཡོམ་བྱུང་ནས་གཟའ་འཁོར་གཅིག་ཙམ་གྱི་རིང་ལ་ཡོམ་ལྷག་ཐེངས་མང་བརྒྱབ་ནའང་མི་རིགས་ཁག་གི་སྤུན་ཟླ་རྣམས་གཅིག་སེམས་གཅིག་སྦྲེལ་གྱིས་ཤ་རུས་གཅིག་ཏུ་འདྲེས་པའི་དིང་རི་བར་རང་ནུས་ཡོད་རྒུས་རོགས་སྐྱོར་གནང་ཞིང་ས་ཡོམ་ཁྲོད་དུ་ཕ་མ་སྤུན་མཆེད་འདས་པའི་སྐྱེ་བོར་སེམས་གསོ་དང་དྲོ་སྐྱིད་ཀྱི་བརྩེ་བ་སྦྱིན། དེ་བས་ད་ཐེངས་ཀྱི་ས་ཡོམ་ཁྲོད་ང་ཚོས“ཞི་བདེ་ལྷིང་འཇགས།”ཞེས་པའི་ཐ་སྙད་ཀྱི་རིན་ཐང་དངོས་ཚོར་ཡོད་ལ་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ན་མཚམས་བརྒྱད་ནས་རོགས་སྐྱོར་ཡོང་བའི་ཀྲུང་ཧྭའི་སྲོལ་བཟང་ཡང་མངོན་རྗེན་དུ་མིག་ལམ་ལ་རིག་ཡོད།

རང་བྱུང་གནོད་འཚེ་ཇི་ལྟར་གདུག་རྩུབ་ཆེ་ཞིང་མི་སེམས་ལ་གཟན་ཡང་འཇིག་རྟེན་མི་ཡུལ་ནི་ནམ་ཡང་དྲོ་སྐྱིད་ཀྱི་བརྩེ་བ་འདུས་པ་ཞིག་ཡིན་སྟབས་ཉ་ཆེན་སྤེན་པ་འགུལ་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་དང་། མཚར་སྡུག་དང་དྲོ་སྐྱིད་ཀྱི་དགོད་སྒྲ་བརླག་དུས་དགའ་སྐྱོ་ཆགས་སྡང་གི་ལག་གདང་སྦྲེལ་བའི་སྤུན་ཟླ་ཚོས་གཡས་གཞོགས་གཡོན་འདེགས་ཀྱིས་འཇིགས་ཞུམ་མེད་པར་གནོད་འཚེ་ཕོག་ཡུལ་དུ་ཆས།

ཚེས་བདུན་ཉིན་གྱི་ས་ཡོམ་རིམ་པ་དེས་མི་རྣམས་ལ་འཇིགས་རུང་གི་སྣང་བ་སྟེར་ཞིང་ཡིད་སེམས་གཉིས་སུ་དྲག་པོའི་རྦ་རླབས་འཕྱུར་ནས་ལྷིང་འཇགས་གནས་པར་དཀའ་བའི་མྱོང་བ་སྐྱུར་མོ་ཞིག་ངང་གིས་སྐྱེ་བར་བྱེད། ས་འགུལ་ཆེན་པོ་དེའི་ཁྲོད་དུ་ཡ་ང་བའི་དོན་མང་དག་ཅིག་ཡོད་ཅིང་དེ་བས་ས་ཡུལ་དངོས་ཀྱི་མི་ཚོས་མ་གཏོགས་ཚོར་ཐབས་བྲལ་བའི་འཇིགས་རུང་གི་གསང་གཏམ་ཡོད་ལ་ང་ཚོའི་མིག་མཐའ་མཆི་མས་བསྙིལ་ཏེ་མི་སེམས་རང་དབང་མེད་པར་འགུལ་བའི་བྱ་བ་དུ་མ་དྲ་རྒྱ་ཀུན་གསལ་མེ་ལོང་ནང་ནས་མངོན་སུམ་དུ་མཐོང་བ་གདོན་མི་ཟ།

ཇོ་རིའི་གཤམ་འོག་གི་ལ་སྟོད་དིང་རིར་ས་ཡོམ་བྱུང་བའི་གཏམ་ངན་ཐོས་རྗེས། མི་རིགས་དང་ས་ཁོངས་ཀྱི་དབྱེ་བ་མེད་པར་ཕྱོགས་ཡོངས་ནས་དེ་མ་ཐག་ཏུ་གནོད་འཚེ་ཕོག་ཡུལ་དངོས་སུ་ཕྱིན་ཏེ་རང་ཉིད་ཀྱི་འཇོན་ཐང་ལ་དཔག་པའི་སྒོ་ནས་མི་སེམས་གྲང་ལྷང་ལྷང་དེར་དྲོ་སྐྱིད་ཀྱི་ས་བོན་རེ་བཏབ། རྒྱལ་ཁབ་ཀྱིས་ཀྱང་གནོད་འཚེ་ཕོག་ཡུལ་དུ་དམག་མི་དང་དྲག་ཆས་ཉེན་རྟོག་པའི་རོགས་སྐྱོར་མངགས་ཤིང་ཟས་གོས་སྡོད་ཀྱི་ཞལ་འདེབས་ཀྱང་འབོར་ཆེན་གནང་། དེ་བས་སེར་སྐྱ་མང་ཚོགས་ཚོས་ཀྱང་མཐུན་སྒྲིལ་གྱི་ལག་གདང་དམ་པོ་དིང་རིའི་ཡུལ་དུ་སྦྲེལ་ནས་གང་ལ་གང་འཚམས་ཀྱི་ཞལ་འདེབས་རྒྱབ།

འདི་ལྟར་མི་སེམས་འགུལ་བའི་བྱ་བ་མང་པོ་འདི་འདྲ་ཡོད་ཀྱང་། དབུ་འཕང་མཁའ་ལ་བསྙེགས་པའི་ཇོ་རི་ཡི་གཤམ་འོག་ན་མི་སེམས་ལ་གཡོ་འགུལ་བར་མེད་ཐེབས་མཁན་ནི་རང་གི་ཕ་མ་གཉིས་རྐྱེན་ལམ་དུ་ཤོར་ནས་དྭ་ཕྲུག་ཏུ་ལུས་པའི་དོན་གྲུབ་དང་། གཅེས་པའི་བུ་དང་བུ་མོ་གནོད་འཚེས་ཕྱི་མའི་ལམ་དུ་ཁྲིད་ནས་གཅིག་པུར་ལུས་པའི་དྲག་ཆས་ཉེན་རྟོག་པ་ལྷུན་གྲུབ། ཁོ་གཉིས་ནི་ས་འགུལ་གྱི་ཁྲོད་ནས་མི་སེམས་ལ་གཡོ་འགུལ་ཚད་མེད་སྦྱིན་མཁན་ཞིག་ཡིན་ཞིང་དེ་བས་ང་ཚོར་མི་ཚེའི་ལམ་གྱི་གདམས་ངག་གི་བློ་སྒོ་ཕྱེ་མཁན་ཞིག་ཀྱང་ལོས་ཡིན།

འདས་ཟིན་པའི་གནས་ཚུལ་དེ་དག་སླར་ཡང་དྲན་འཆར་གྱི་མེ་ལོང་ངོས་སུ་འཕོས་ནས་དྲན་ཤེས་ཀྱི་སྤྱིན་ཤོག་ནང་དུ་བླུགས་དུས། དོན་གྲུབ་ནི་ཕ་མ་ཚེ་ལས་འདས་པའི་སྐྱོ་གདུང་གིས་མནར་ཡང་མི་དམངས་ཀྱི་བྱམས་སེམས་འོག་ཕན་བདེ་ཁང་དུ་བསྐྱལ་ནས་རང་མགོ་རང་གིས་ཐོན་པ་བྱུང་ཞིང་ཁོར་ཡུག་གསར་པ་ཞིག་ཏུ་འཚོ་བ་སྐྱེལ་འགོ་བརྩམས། ལྷུན་གྲུབ་ནི་རང་གི་གཅེས་ཕྲུག་མེད་པར་སོང་བས་སེམས་སུ་སྐྱོ་གདུང་རི་རབ་བཞིན་ཆེ་ཡང་སེམས་ནང་གི་སྐད་ཆ་དག་མཆི་མས་མཚོན་པ་བྱེད་རྒྱུ་ལས་མེད་རུང་ད་དུང་ཁོ་པས་རིག་པ་གཅིག་ཏུ་སྒྲིམ་ནས་ཚེ་སྲོག་སྐྱོབ་པའི་ལས་ལ་གཞོལ། དེ་ཡང་“ནང་གི་རྣམ་འགྱུར་གང་ཡིན་པ། །ཕྱི་ཡི་བྱ་བ་དག་ལས་ཤེས། །”ཞེས་པ་ལྟར་ལྷུན་གྲུབ་ཀྱི་ལུས་ནས་དྭངས་གཙང་ལྷད་མེད་དང་། གཞན་དོན་དུ་རང་སྲོག་བློས་གཏོང་ཕོད་ཅིང་། སྐྱིད་སྡུག་མཉམ་མྱོང་ཐུབ་པའི་བླ་མེད་ཀྱི་རང་གཤིས་ཀྱང་མངོན།

དིང་རིའི་ས་འགུལ་ཆེན་པོ་དེ་ལས་ཀྲུང་གོའི་མྱུར་ཚད་ཅེས་པའི་ཐ་སྙད་དེའི་ཤུབས་སུ་འཛུལ་བའི་དོན་དེ་ཅི་ཡིན་པ་རྟོགས་ཡོད་ལ་སྤུན་ཟླའི་ལ་རྒྱ་ཟེར་བའི་དམ་ཚིག་གཙང་མའི་ཕྱི་ནང་གི་རིན་ཐང་ཡང་གསལ་པོར་མངོན་ཡོད་དོ། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འའཛིན།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博