ཀ་བར་རྡུང་ཁ་རྒྱག་པ་ཆང་གིས་བཟོས། །
ཁ་ཆག་སྣ་རལ་ཡོང་བ་ཆང་གིས་བཟོས། །
ག་བྱེད་འདི་བྱེད་མེད་པ་ཆང་གིས་བཟོས། །
ང་རྒྱལ་བློ་མིག་ལོང་བ་ཆང་གིས་བཟོས། །
ཅ་ཅོ་གང་སར་སྨྲ་བ་ཆང་གིས་བཟོས། །
ཆ་བཞག་ཉ་བཞག་མེད་པ་ཆང་གིས་བཟོས། །
ཇ་ཆང་ལོངས་སྤྱོད་སྟོངས་པ་ཆང་གིས་བཟོས། །
ཉ་ཉོག་རྙོག་དྲ་མང་བ་ཆང་གིས་བཟོས། །
ཏ་རེན་དཔོན་གནས་ཤོར་བ་ཆང་གིས་བཟོས། །
ཐ་མལ་ནད་ཀྱིས་མནར་བ་ཆང་གིས་བཟོས། །
ད་ལོའི་འཆར་གཞི་མེད་པ་ཆང་གིས་བཟོས། །
ན་ནིང་བུ་ལོན་ཆད་པ་ཆང་གིས་བཟོས། །
པ་ར་ཤོ་རྒྱན་རྩེད་པ་ཆང་གིས་བཟོས། །
ཕ་བུའི་དམ་ཚིག་དོར་བ་ཆང་གིས་བཟོས། །
བ་གླང་དངུལ་ལ་བརྗེ་བ་ཆང་གིས་བཟོས། །
མ་སྨད་དབྱུག་པས་རྡུང་བ་ཆང་གིས་བཟོས། །
ཙ་ཆེན་རྒྱུ་ནོར་བརྐུ་བ་ཆང་གིས་བཟོས། །
ཚང་མས་འཕྱ་དམོད་བྱེད་པ་ཆང་གིས་བཟོས། །
ཛ་ཛོར་སྐྱུག་པས་འཚོས་པ་ཆང་གིས་བཟོས། །
ཝ་མོའི་གཡོ་སྒྱུས་བསླུ་བ་ཆང་གིས་བཟོས། །
ཞྭ་གོས་ལུས་ནས་ཕུད་པ་ཆང་གིས་བཟོས། །
ཟ་རྒྱུ་འཐུང་རྒྱུ་མེད་པ་ཆང་གིས་བཟོས། །
འ་འུར་དོན་མེད་གླེང་བ་ཆང་གིས་བཟོས། །
ཡ་ཡུག་གཡང་ལ་མཆོངས་པ་ཆང་གིས་བཟོས། །
ར་རོ་གཞན་གྱིས་འཕྱ་དགོས་ཆང་གིས་བཟོས། །
ལས་དོན་སྙིང་ནས་བརྗེད་པ་ཆང་གིས་བཟོས། །
ཤ་ཚའི་གཏམ་ལ་བསུན་པ་ཆང་གིས་བཟོས། །
ས་ཆ་བདག་མེད་ལུས་པ་ཆང་གིས་བཟོས། །
ཧ་ཅང་རགས་པའི་ཆང་གི་ཉེས་དམིགས་དག །
ཨ་ཙི་ཁྱེད་ཚོའི་རྣ་ལ་འཇགས་སོང་ངམ། །
ཧ་ལམ་མི་དགེ་ཐམས་ཅད་ཆང་གི་སྐྱོན། །
ཨ་རོགས་རིག་པ་ཡོད་ན་ཆང་འདི་སྤོངས། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།