སྔོ་སངས་ལྷ་ལམ་ཡངས་པོས་རབ་དཀར་གྱི་ཆུ་འཛིན་གོས་བཟང་དུ་བཀླུབས་ཤིང་། དབྱར་སྐྱེས་རྔ་སྒྲ་ལྡིར་ལྡིར་དུ་བསྒྲགས་ཏེ་སྤྲིན་གྱི་མེ་ཏོག་ཟིམ་བུ་བབས་ནས་ས་འཛིན་མཐོན་པོའི་སྤོ་ལ་ན་བུན་ལང་ལོང་དུ་འཁྲིགས་པའི་སྐབས་སུ། སྨན་ཁང་ནང་ཕྲུ་གུ་ཞིག“ཨ་ཨ་་་་་་”ཞེས་ངུ་བའི་སྒྲ་ཐོག་མར་གྲགས། དེ་ནི་ཚེ་སྲོག་གསར་པ་ཞིག་འཇིག་རྟེན་འདིར་སླེབས་པའི་རྟགས་མཚན་ཏེ། ང་རང་དེ་ལྟར་དྲིན་ཆེན་མ་ཡུམ་གྱི་ཐུགས་རྗེ་ལས་འཇིག་རྟེན་མི་ཡུལ་འདིར་སླེབས་པ་ཡིན།
ཁོང་གིས་ཆུང་ནས་ང་རང་གསོ་སྐྱོང་གནང་ཞིང་། ངས་ཁོང་ལ་སྡུག་པོ་གང་འདྲ་ཞིག་བཏང་ཡོད་པ་ཁོང་གིས་མ་གཏོགས་སུ་ཡིས་ཤེས། ང་རང་སེམས་པ་སྡུག་པའི་སྐབས་སུ། ཨ་མས་བྱམས་བརྩེའི་ངང་ནས་ང་ལ་སེམས་གསོ་བྱེད་སྲིད་པ་དང་། ང་རང་ན་བའི་སྐབས་སུ། ཨ་མས་ང་ལ་ཐུགས་ཁུར་ཟབ་བཞེས་གནང་ནས་ལྟ་སྐྱོང་བྱེད་སྲིད། ངས་ཡིག་ཚད་ཡག་པོ་འཕྲོད་མེད་པའི་སྐབས་སུ། ཨ་མས་རྒྱུན་དུ་ང་ལ་སེམས་ཤུགས་མི་ཆག་པའི་སྐུལ་མ་བྱེད་སྲིད་ཅིང་། སྐར་མ་བརྒྱ་ལེན་སྐབས་སུ་ང་རྒྱལ་བྱེད་མི་རུང་བའི་བསླབ་བྱ་གནང་སྲིད། ང་ལ་དཀའ་ངལ་འཕྲད་དུས་ཨ་མས་ང་ལ་ཐད་ཀར་རོགས་རམ་མི་བྱེད་པར། རང་གིས་ཐབས་ཤེས་བཙལ་ནས་བསྒྲུབ་དགོས་པའི་སྐུལ་མ་གཏོང་བ་དང་། དངོས་གནས་ཐག་གཅོད་བྱེད་མ་ཐུབ་ཚེ། གཞི་ནས་ང་ལ་རོགས་རམ་བྱེད་ཀྱི་ཡོད། འདི་ནི་ང་ཡི་ཨ་མ་སྟེ། སེམས་ཆུང་མ་ཡུམ་ལགས་ཡིན།
ང་རང་འཇིག་རྟེན་འདིར་སླེབས་མ་ཐག་སྒལ་ཚིགས་སུ་ཤ་ཐོད་ཆུང་ཆུང་ཞིག་སྐྱེས་ཡོད་ཟེར། དེ་དུས་ཨ་མས་ཐུགས་ཁྲལ་ཆེན་པོས་ཐབས་ཤེས་སྣ་ཚོགས་བཙལ་ནས་བཅོས་ཐབས་བྱས་ཡོད། རྗེས་སུ་ཁོང་གིས་ངའི་ཨ་ཁུ་སྨན་པ་ཞིག་ཡོད་པ་དེ་ལ་དྲིས་ནས། དེའི་བཀའ་མངགས་བརྒྱུད་ངའི་སྲུ་མོའི་ཁང་འོག་ཏུ་ཡོད་པའི་ཤིང་ལེབ་དེ་བསྒྲུགས་ནས་དགོང་མོ་ཉལ་སྐབས་ལུས་རྒྱབ་ཤིང་ལ་གཏད་དེ་འཇོག་པ་དང་། སྲུ་མོས་ཆེད་དུ་ང་ལ་སྙི་མཁྲེགས་རན་པའི་གདན་ཞིག་བཙེམས་ནས་འདིང་གི་ཡོད་འདུག ཁོང་རྣམ་པའི་ཐུགས་ཁུར་དང་བྱམས་བརྩེའི་དྲིན་ལས་ངའི་ལུས་སྟོད་ཀྱི་ཤ་ཐོད་དེ་ཡང་རིམ་བཞིན་མིག་གི་སྣང་ངོར་མི་གསལ་བར་གྱུར།
ཡང་ཐེངས་ཤིག་ང་ལོ་གཉིས་གཡས་གཡོན་ཙམ་ཡིན་སྐབས། གུར་ནང་དུ་བདེ་སྐྱིད་ཆོས་མཚོ་ངེད་གཉིས་རྩེད་མོ་རྩེ་སྐབས། ཇ་ཁོལ་མ་ཧ་ཡང་གང་ས་ཐང་དུ་བཞག་ཡོད་པས། ཨ་མས་ངེད་གཉིས་ལ་དྲན་སྐུལ་ཇི་ཙམ་བཏང་ཡང་སྣང་བར་མ་བཞག་པས། ལུས་པོ་འཁྲུག་བརྒྱབ་ཏེ་རྐང་པ་ཇ་ཁོལ་མའི་ནང་དུ་ནུབ། ངའི་རྐང་པ་གཡས་པ་ཚ་བསྲེགས་ཐེབས་པས། ཨ་མ་དང་ངའི་སྲུ་མོ་ཆུང་བ་སོགས་བུ་མོ་སེམས་ཆུང་བ་ཚང་མ་ངུ་ཤོར་བ་དང་། ཨ་མ་དང་སྲུ་མོ་ཆུང་བ་གཉིས་དེ་དག་ཁྲོད་ངུ་ཆེ་ཤོས་ཡིན་ཚུལ་ཁོང་ཚོའི་ངག་ལས་ཐོས། དེ་ནས་བཟུང་ངའི་ཉ་རིལ་གཡས་པ་གཞན་གྱིས་རེག་མི་ཐེབས་པའི་ཆེད་དུ་མཐའ་སྐོར་ནས་ཤོག་སྒམ་གྱིས་བཅུད་ནས་འཇོག་གི་ཡོད་ཟེར། ཨ་མ་འབུ་བརྐོ་བར་བསྐྱོད་རྗེས་ང་རྨོ་བོ་ལགས་ཀྱིས་ལྟ་སྐྱོང་བྱེད་ཀྱི་ཡོད། ཕྲུ་གུ་ཆུང་བ་ཚོས་ངའི་རྐང་པར་རེག་ཐོག་གིས་ངའི་འགྲམ་དུ་ཡོང་དུ་བཅུག་གི་མེད་ཅིང་། ང་གཅིག་པུ་རྨོ་བོས་ཟུར་དུ་བཞག་ནས་ལྟ་སྐྱོང་བྱེད་ཀྱི་ཡོད། དེ་ནི་ངས་ནམ་ཡང་བརྗེད་ཐབས་མེད་པའི་གནས་ཚུལ་ཞིག་ཡིན། དེ་ལྟར་ཆུང་ངུའི་དུས་སུ་ཨ་མས་ངའི་ཆེད་དུ་ཉིན་ལྟར་བློས་གཏོང་ཆེན་པོ་དེ་ལྟར་གནང་བ་དྲན་སྐབས་སེམས་སུ་ཁོང་ཚོར་དཀའ་ལས་མང་པོ་འཕྲད་པ་སྣང་བར་འཆར་བ་དང་། ཨ་མ་ནི་འཇིག་རྟེན་ཐོག་ང་ལ་མཚོན་ན་དྲིན་ཆེ་ཤོས་ཀྱི་མི་དེ་ཡིན་པར་འདོད།
ད་དུང་ང་ཚོ་བུ་ཕྲུག་ཚོའི་སླད་དུ་ལྐོག་ལྐོག་སུད་སུད་ཀྱིས་བློས་གཏོང་གནང་མཁན་ཞིག་ཡོད་པ་ནི་ངའི་ཨ་ཕ་ཡིན། ཁོང་ནི་མི་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་པོ་ཡོད་པ་དང་། གྲོང་ཚོའི་ནང་ལ་ལས་ཀ་ཡོད་ཚེ་རྟག་པར་ཁོང་ཕེབས་ཀྱི་ཡོད། མི་གཞན་གྱིས་རོགས་རམ་བྱེད་པའི་རེ་བ་ཞུས་ཚེ་ཁོང་གིས་ཉིན་ལྟར་འཛུམ་མདངས་སྟོན་བཞིན་དང་ལེན་ཞུ་གི་ཡོད་པས། མི་ཚང་མས་ཁོང་ལ་དགའ་པོ་ཞེ་དྲག་ཡོད། ཁོང་ལ་གཞན་དང་མི་འདྲ་བའི་དགེ་མཚན་མང་པོ་ཡོད། ཁོང་ཆུང་དུས་སློབ་གྲྭར་འགྲོ་མྱོང་མེད་ནའང་། བོད་ཡིག་གི་རྨང་གཞི་ངེས་ཅན་ཡོད་པ་དང་། ད་དུང་སྒྲ་སྙན་ཡང་དཀྲོལ་ཤེས་ཀྱི་ཡོད། ངས་ཁོང་ལ་ཆུང་དུས་སུ་སྒྲ་སྙན་ཇི་ལྟར་སྦྱངས་པའི་སྐོར་འདྲི་སྐབས། ཁོང་གིས་སྒྲ་སྙན་སློབ་མཁན་གཅིག་ཀྱང་མེད་པར། མི་གཞན་གྱིས་སྒྲ་སྙན་དཀྲོལ་སར་བལྟས་ནས་ལད་ཟློས་ཀྱིས་སྦྱངས་པ་ཡིན་ཚུལ་ཐོས་པས་ཡིད་སྨོན་ཚད་མེད་སྐྱེས།
ཐེངས་ཤིག་གྲོང་ཚོའི་ནང་གི་མི་རྣམས་སློབ་སྦྱོང་བྱེད་སའི་འཛིན་གྲྭ་ཞིག་བཙུགས། དུད་ཚང་རེ་ནས་ངེས་པར་དུ་མི་རེ་བཏང་ནས་མཉམ་དུ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་པས། ང་ཚོའི་ཁྱིམ་གྱི་འཐུས་ཚབ་ཏུ་པཱ་ལགས་ཁོང་ཕྱིན་པ་དང་། སློབ་སྦྱོང་ཚར་ནས་སྦྱངས་འབྲས་ཚོད་རྒྱུགས་ལེན་སྐབས་ཁོང་ཨང་དང་པོ་རེད་འདུག ཁོང་གི་གྲུབ་འབྲས་སློབ་འབྲིང་དུ་བསྐྱོད་མྱོང་བའི་མི་ཞིག་ལས་ཀྱང་མཐོ་བ་འདུག་པས། ཁོང་གི་སྐྱེས་སྟོབས་ཤེས་རབ་ནི་ངོ་མ་འགྲན་ཟླ་བྲལ་བ་ཞིག་རེད། བྱས་ཙང་། ངས་ཁོང་ལ་དད་པ་དང་གུས་བཀུར་བྱེད་ཀྱི་ཡོད། ཁོང་གིས་ང་ཚོར་རྒྱུན་དུ་ལས་ཅི་བྱས་རུང“བརྒྱ་ཐམ་པའི་གྲལ་མགོར་མ་སླེབས་རུང་། སྟོང་ཐམ་པའི་གྲལ་གཞུག་ཏུ་མ་ལུས་པ་དགོས”གསུང་གི་ཡོད། སྐད་ཆ་དེ་ཁོང་གི་འཇོན་ནུས་དང་ཧ་ཅང་འཚམ་པས། ངས་གསུང་བྱིན་དེ་རྡོ་ལ་རི་མོ་བརྐོས་པ་བཞིན་ནམ་ཡང་ཡིད་ལ་འཇོག་གི་ཡོད།
ཕ་མའི་བྱམས་བརྩེ་ནི་འཇིག་རྟེན་ཐོག་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད། ངས་ཨ་མ་དང་ཨ་ཕ་གཉིས་ལ་བཀའ་དྲིན་ཆེ་བྱུང་དང་སྐུ་ལས་ཁག་སོང་ཞེས་ཞུ་གི་ཡིན། ང་ནམ་ཡང་ཁྱེད་ཚོ་ལ་དགའ་ལ་ཁྱེད་ཚོ་ལ་བརྩེའོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།