http://zw.xzqnb.cn/Content/weixinlogo.png
བདག་ནི་མིང་གྲགས་ཅི་ཡང་མེད་པའི་སྐྱེ་བོ་ཕལ་པ་ཞིག་ཡིན། ང་ལ་ཡིད་འ
http://zw.xzqnb.cn/m/content/2025-05/30/001217.html
《汉文版》 《藏文版》

第04版:རྩོམ་རིག་དགའ་ཚལ།

༄༅། །བདག་གི་རྨོ་བོ་ལགས།

༄༅། །ཕ་མའི་བྱམས་བརྩེ།

等待处理…

༄༅། །བདག་གི་རྨོ་བོ་ལགས།

作者 ལྷག་པ་སྒྲོལ་མ།
2025年05月30日

བདག་ནི་མིང་གྲགས་ཅི་ཡང་མེད་པའི་སྐྱེ་བོ་ཕལ་པ་ཞིག་ཡིན། ང་ལ་ཡིད་འོང་གི་མཛེས་སྡུག་དང་རྣམ་བཀྲའི་བློ་རིག་མེད་ལ་ཧང་སངས་བའི་ལེགས་ཆ་དང་ལྷན་སྐྱེས་ཀྱི་ནུས་བཟང་མེད། འོན་ཀྱང་ང་ལ་གཞན་གྱིས་སྨོན་པའི་ཁྱིམ་གཞིས་གཅིག་དང་རྨོ་བོ་ཞིག་ཡོད།

ལོ་ཟླས་མནར་བའི་རྐྱེན་གྱིས་བདག་གི་རྨོ་བོ་ཁོང་ལ་གནག་ཅིང་སྣུམ་པའི་དབུ་སྐྲ་མེད། ཙ་རིའི་སྨྱུག་མ་ལྟ་བུའི་གཟུགས་བརྙན་མེད། པད་མའི་མདངས་འཛིན་གྱི་ཞལ་རས་མེད་ལ་ཐང་ཤ་དོད་པའི་སྐུ་གཟུགས་ཀྱང་མེད། ཡིན་ཡང་ཁོང་ལ་གངས་དཀར་གྱི་ལྷག་བསམ་དང་ལས་ལ་བརྩོན་པའི་ཕྱག་ཟུང་ཡོད། ཁྲ་ཆིལ་མེ་ཏོག་བཞད་པའི་མཛུམ་མདངས་ཡོད་ལ་དལ་འགྲོ་མ་ལྟ་བུའི་ངང་རྒྱུད་ཀྱང་ཡོད། འཚོ་བའི་དཀའ་དུབ་ཁྲོད་དུ་སྡུག་ཡུས་མེད་པའི་སེམས་བག་ནི་ཡངས་པའི་ཨ་སྔོན་ནམ་མཁའ་དང་འདྲ། ལས་དབང་དྲག་པོའི་མནར་གཅོད་མང་ཡང་ཡིད་ཞུམ་དང་འཁང་ར་ཡེ་ནས་མེད་པར་དཀའ་སྡུག་གི་འཚོ་བའི་བྱེ་ཐང་ཡངས་མོར་དལ་འགྲོ་མ་བཞིན་དུ་གཞན་སྐྱོང་བདག་གི་རྨོ་བོ་ལགས་ཡིན།

བདག་གི་རྨོ་བོ་ནི་དུས་རྟག་ཏུ་རྡོ་ལེབ་ཚ་མོའི་སྟེང་གི་འབུ་གྲོག་མ་བཞིན་ཚར་རྒྱུ་མེད་པའི་ཁྱིམ་ལས་ལ་བྲེལ། ནང་མི་ཚོས་རྨོ་བོ་རང་ཞབས་བདེ་པོ་མེད་པས་ཁྱིམ་ལས་མ་གནང་ཞེས་བཤད་ཀྱང་རྨོ་བོའི་ཁ་ནས་ཡ་ཡ་ཞེས་གསུངས་པ་ལས་དོན་དངོས་ཐོག་ཕྱག་ལས་དང་ཁ་བྲལ་ཙམ་ཡང་མི་བྱེད། ལོ་ཤས་གོང་གི་ནམ་དུས་དགུན་ལ་ཐུག་པའི་ཉིན་ཞིག་གི་ཞོགས་པ་ཁ་བ་སྟུག་པོ་བབས་ནས་སྒོ་ཕྱུགས་ལ་རྩྭ་གཟན་མི་འདང་བའི་རྐྱེན་གྱིས་སྒོ་ཕྱུགས་རྣམས་གསེབ་ཀྱི་རི་སྟེང་གངས་ཉུང་བ་དེར་དེད་ནས་རྩྭ་ཟ་རུ་བཅུག་དགོས་པས། ང་དང་རྨོ་བོ་གཉིས་དེ་ཉིན་རྫི་བོ་བྱས་པ་ཡིན། གྲང་སིལ་སིལ་གྱི་ཞོགས་པ་དེར་ངའི་ཁ་ནས་དུ་བ་འདྲ་བའི་ཁ་རླངས་སྐྱ་འཕྱུར་འཕྱུར་དང་སྣ་ཁུང་གཉིས་ནས་དྭངས་ཤིང་སླ་བའི་སྣ་ཆུ་ཁྲོམ་ཁྲོམ་བཞུར་བས་རྨོ་བོས་ངའི་མགོ་ལ་ལྤགས་ཞྭ་མཐུག་པོ་ཞིག་གཡོགས་བྱུང་། སྐེ་ལ་རྨོ་བོ་རང་ཉིད་ཀྱིས་བཟོས་པའི་སྐེ་རས་དང་ངའི་ལག་ཆུང་གཉིས་ལ་མི་རྒན་པའི་ལག་ཤུབས་མཐུག་པོ་གཉིས་གཡོགས་བྱུང་། ཕྱུགས་རྣམས་དེད་ནས་རི་རྩེ་ལ་སླེབས། དེ་ནས་གནམ་ཅུང་དྭངས་ཀྱང་ས་གཞི་ཆེན་པོར་འཕྲོས་པའི་ཉི་འོད་གསེར་ལྷང་ལྷང་དང་ཆུ་ལྷབ་ལྷབ་ཙམ་ལས་དྲོད་སྣང་ཅི་ཡང་མེད། རྨོ་བོས་ཁུག་ཁུག་ཅིག་བཙལ་ཏེ་ངེད་གཉིས་དེ་རུ་བསྡད་ནས་ཞོགས་པ་ནང་ནས་འཁྱེར་བའི་རྩམ་པ་དང་ཇ་སོགས་བཟའ་བཏུང་བྱས་ཞོར་དུ་རྨོ་བོས་ས་དེའི་སྐོར་གྱི་གཏམ་རྒྱུད་མང་དག་གསུངས་བྱུང་། རྨོ་བོས་མོ་རང་བྱིས་དུས་སུ་ལུག་རྫི་ལ་འགྲོ་དགོས་པས་དེ་དུས་ད་ལྟ་བཞིན་ལྷམ་གྱོན་རྒྱུ་མེད་ལ་གོས་ཀྱང་སྔོན་མའི་ལྷན་པའི་སྟེང་དུ་ལྷན་པ་བརྩེགས་པ་དང་ཟས་ཀྱང་ད་ལྟ་བཞིན་ག་ལ་ཡོད་ཅེས་གསུངས་ཤིང་སྤྱན་ཆབ་བསིལ། ང་ཡིས་རྨོ་བོར་ཐུག་ཐུག་བྱས་པས་རྨོ་བོ་དྲན་པའི་སློང་ནས་སྤྱན་ལ་ཕུར་ཕུར་བྱས་ནས་མུ་མཐུད་ང་ལ་ཁོང་ཆུང་བྱིས་དུས་ཀྱི་ལོ་རྒྱུས་མང་ཙམ་གསུངས་བྱུང་། ཡུད་ཙམ་སོང་རྗེས་ངེད་གཉིས་ནང་ལ་ལོག་པའི་ལམ་བར་དུ་རྨོ་བོས་གླུ་ཞིག་བླངས་པའི་སྒྲ་ཧ་ཅང་བསངས་བས་ང་རང་གི་རྣ་བ་ཡང་ཚ་བྱུང་སྟབས་ངས་གླུ་མ་ལེན་རོགས་ང་ངོ་ཚ་གི་འདུག་ཟེར་བས་རྨོ་བོས་བཞད་གད་ཧབ་ཙམ་བགད་རྗེས་ང་རང་ཆུང་དུས་གླུ་ལེན་རྒྱུར་དགའ་ལ་གླུ་ཡང་མང་པོ་ལེན་ཤེས་ཀྱི་ཡོད་པས། མི་རྣམས་ཀྱིས་ང་རང་ལ་གླུ་མ་ཆུང་ཆུང་ཞེས་འབོད་ཀྱི་ཡོད་གསུངས། དེ་དུས་ང་རང་གིས་གོང་ལ་བཤད་པའི་སྐད་ཆ་དེ་ལ་ངོ་གནོང་ཕྲན་ཙམ་བྱུང་བ་དེ་ནི་ད་ལྟའང་རྗེས་དྲན་བྱེད་དུས་དྲན་མང་ཤོས་དེ་ཡིན།

རྨོ་བོ་ལགས་སྐོར་གྱི་འདས་དོན་མཚོ་མོའི་རླབས་ཕྲེང་ལྟར་ངའི་སེམས་སུ་གཅིག་རྗེས་གཉིས་མཐུད་འཕྱུར། རྨོ་བོས་བདག་ལ་བདེན་དོན་གྱི་ལམ་བུ་བསྟན་པ་མ་ཟད། རྒྱུ་ནོར་ལོངས་སྤྱོད་ལྡན་པའི་ཕྱུག་བདག་མིན་ཡང་ང་རང་ལ་སློབ་གསོའི་ནོར་བུ་ནམ་མཁའི་སྐར་ཚོགས་བཞིན་སྟེར། རྨོ་བོ་ནི་ལུས་སྟོབས་ཆེ་བའི་དཔའ་བོ་མིན་ཡང་ང་རང་ལ་གཏི་མུག་གི་དགྲ་བོ་འདུལ་རོགས་བྱེད། ནད་བཅོས་སྲོག་སྐྱོབ་ཐུབ་པའི་གོས་དཀར་ལྷ་རྗེ་མིན་ཡང་ངའི་སེམས་ཀྱི་རྨ་ཁ་ནི་ཁ་ཏ་གཅིག་གཉིས་ཀྱིས་གསོས་པར་བྱེད།

ངའི་ངོས་ནས་བཤད་ན། རྨོ་བོ་ནི་མཛེས་སྡུག་ལྡན་པའི་དཔྱིད་ཀྱི་ཁུ་བྱུག་དང་དབྱར་གྱི་མེ་ཏོག སེར་མདངས་རྒྱས་པའི་སྟོན་གྱི་འབྲས་བཟང་། གོས་དཀར་བཀླུབས་པའི་དགུན་གྱི་ཁ་བ་བཅས་ཡིན་པས། ཁྱེད་ནི་ངའི་མི་ཚེ་ལས་བྲལ་ཐབས་མེད། ང་རང་ཁྱེད་ལ་དགའ། ཁྱེད་ཀྱི་རི་ལས་ཆེ་བའི་བཀའ་དྲིན་དེ་ནུས་ཆུང་བུ་མོ་ངས་ཁྱེམ་བུ་གང་ཙམ་ལས་འཇལ་མི་ཐུབ་ཡང་ངས་ཁྱེད་ཀྱི་སེམས་ལ་ཕོག་ཐུག་བཏང་ག་ལ་སྲིད། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

西藏青年报

↑ TOP


按日期搜索
12 2022
 
 
 
 

西藏青年报藏文版

分享到

微信

QQ

QQ空间

微博