རྣམ་ཐར་འདི་ནི་དབུས་གཙང་གི་ངག་འགྲོས་དང་བསྟུན་པ་ཞིག་ཡིན་པའི་ཆ་ནས། དེའི་བརྗོད་པ་སྤེལ་སྟངས་དུས་དེའི་དབུས་གཙང་ཁུལ་གྱི་སྐད་དང་ཡི་གེའི་སྒྲིག་གཞི། ལྷག་པར་ལྷ་སའི་སྐད་དང་མཐུན་ཆ་ཆེ་བ་ནི་སྨོས་མེད་ཡིན་ལ། དམིགས་བསལ་གྱི་ཁ་སྐད་ཤོད་རྒྱུན་ཁྲོད་ཀྱི་ཕྲད་སྤྱོད་སྟངས་དང་ཚིག་མཐའ། ཐ་སྙད་སོགས་མི་ཉུང་བ་ཞིག་འདུག
རྣམ་ཐར་ཁྲོད་ཀྱི་ལྷ་སའི་སྐད་ཀྱི་ཕྲད་དང་ཐ་སྙད།
༡ གེ་ཞེས་པའི་འཇུག་ཚུལ།
ལྷ་སའི་སྐད་དུ་ངག་ཐོག་ཏུ་དྲི་བ་སྟོན་པའི་ཚིག་ལ་གེ་ཞེས་པའམ་གས་ཞེས་ད་ལྟ་མི་ཁག་ཅིག་གིས་འབྲི་ཡི་ཡོད་པ་ཞིག་ཡོད་དེ། གཅིག་ནས་འདུག་ལྟ་བུའི་རྗེས་འཇུག་ག་ཅན་གྱི་རྗེས་སུ་རྗེས་འཇུག་རང་འདྲའི་མཐའ་ལ་སྦྱོར་བའི་སྲོལ་དང་མཐུན་པས་དྲི་བའི་ཉམས་ཐོན་ལ། ད་དུང་གཞན་ཕ་རོལ་པོར་དོན་ཅི་ཞིག་བྱེད་དམ་ཞེས་པའི་དོན་སྟོན་པ་ཡིན་ལ། གཟུགས་གཅིག་པར་སྣང་རུང་ཕྱི་མ་འདི་ནི་རྗེས་འཇུག་རང་འདྲ་མ་ཡིན་པར། བྱེད་གི་ཡིན་པེ་ཞེས་པའི་ག་དང་པེ་ཡི་དབྱངས་ཨེ་གཉིས་བསྡུས་པ་ལས་བྱུང་བར་འདོད་དེ། ར་སྤྲོད་སྟངས་ལས་བྱེད་རྒྱུ་ཡིན་ནམ་ཞེས་མ་འོངས་པའི་ལས་ལ་དྲི་བ་བསྐུལ་ཡོད། དཔེར་ན། ཆ་རྐྱེན་ཡག་པོ་འདུག་གེ ཁ་ལག་ཟ་གར་འགྲོ་གེ སྦྱངས་ཚན་འབྲི་གེ་ཞེས་པ་ལྟ་བུ། ཨེ་སྒྲ་ནི་དྲི་བའི་ཚིག་གྲོགས་ཡིན་ཞིང་། བྱ་ཚིག་དང་བྱ་བའི་ཚིག་གྲོགས། ཚིག་མཐའི་ཚིག་གྲོགས་ཀྱི་མདུན་ལ་འཇུག་ཅིང་ཡིན་མིན་གྱི་དྲི་བ་མཚོན་ལ། བརྗོད་པའི་མཐའ་མར་དྲི་བའི་ཉམས་སྟོན་པའི་འབྱེད་སྡུད་ཀྱི་ནུས་པ་དང་ཆ་མཐུན་ཞིང་ཁམས་སྐད་ཀྱི་དྲི་ཚིག་གི་རྣམ་པ་གལ་ཆེ་ཤོས་ཤིག་ཡིན།
འདིར་ལྷ་སའི་ཁ་སྐད་ཁྲོད་དུ་གེ་དང་ངེ་། པེ་སོགས་སྤྱིའི་ཆ་ནས་རྗེས་འཇུག་རང་འདྲའི་མཐའ་ལ་སྦྱོར་བའི་སྲོལ་མཆིས་ལ། དྲི་བའི་ཚིག་གྲོགས་ལ་འཇུག དཔེར་ན། ནང་ལ་མི་འདུག་གེ སྨན་གིས་ཕན་བྱུང་ངེ་། རང་ལྷ་སར་ཕྱིན་པེ་ཞེས་པ་ལྟ་བུའང་དྲི་བའི་དོན་དང་ལྡན་པའི་དབྱངས་ཨེ་འདི་ཉིད་ཁ་སྐད་ཁྲོད་འཕོ་འགྱུར་བྱུང་ནས་ཚིག་སྔ་མའི་རྗེས་འཇུག་གི་ཤུགས་རྐྱེན་ཐེབས་ནས། རྗེས་འཇུག་གི་ཡི་གེ་ལ་དབྱངས་ཨེ་སྒྲ་སྦྱར་བས་དྲི་བའི་ཉམས་ཐོན་པ་ལྟར་དུ་གྱུར་པ་འདྲ། ཡིན་ཡང་དེང་སང་གེ་ཞེས་པའི་སྒྲ་འདིའི་ནང་ལ་དྲི་བའི་ཚིག་གྲོགས་གཞན་དག་དང་མི་མཐུན་པ་ལས་ཀ་ཅི་ཞིག་བྱེད་དམ་ཞེས་པའི་དོན་ལྷག་མ་ཞིག་ཡོད་སྙམ། ཤོག་ངོས༩༤ལ། འཆི་བ་ཁོ་བྱུང་ན་ཕན་པ་འདུག་གེ རྣམ་ཐར་དུ་སྒོམ་ཆེན་པ་ཁྱུ་གཅིག་གིས་དགེ་སྦྱོར་མི་བྱེད་པར་བསྡད་ཡོད་པ་ལ། ལོ་རས་པས་ལོང་གཏམ་ཅི་རིགས་པ་ལབ་ཀྱིན་བསྡད་ན་འཆི་བ་ལ་ཕན་པ་འདུག་གམ་ཞེས་ལྡོག་འདྲི་བྱས་པ་ཡིན།
༢ གིས་ཞེས་པའི་འཇུག་ཚུལ།
ལྷ་སའི་སྐད་དུ་དོན་ཅི་ཞིག་བྱེད་ཀྱི་ཡིན་ཞེས་པ་ལ། འབྲེལ་སྒྲའི་ཕྲད་དེ་ཟུར་ཆག་ནས་གི་རུ་གྱུར་ཞིང་། ཧ་ལམ་གི་ཡིན་ཞེས་པ་བསྡུས་ནས་གིས་ཞེས་ཟེར་བར་འདྲ་ལ། དཔེར་ན། ངས་དེབ་བལྟ་གིས། ང་ནང་ལ་ལོག་གིས་ལྟ་བུ་ནི་རང་གིས་ཅི་ཞིག་བྱེད་ཀྱི་ཡིན་པ་དང་། མ་འོངས་པར་བྱེད་པའི་འཆར་གཞི་འཐེན་པའི་དོན་ཡིན། ཤོག་ངོས༡༨ལ། ཞབས་ཏོག་ལ་དགེ་འདུན་དར་བཏང་གིས་གསུངས།
རྣམ་ཐར་དུ་ཆོས་རྗེ་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་ཡབ་ཡུམ་གཉིས་ལོ་རས་པ་མཇལ་བར་ཞྭ་མོ་དོ་ལ་འགྲོ་བར། ཞབས་ཏོག་ལ་དགེ་འདུན་དར་གཏོང་གི་ཡིན་ཞེས་པའི་དོན་བསྟན་ཡོད་དེ། བཏང་གིས་ཞེས་ཁ་སྐད་རང་གི་ལམ་ནས་བྲིས་འདུག །
༣ བྱེད་སྒྲའི་ཕྲད་ཀྱི་དམིགས་བསལ་འཇུག་ཚུལ།
སྤྱིར་བསྟན་བཅོས་སྐད་དང་སྲོལ་རྒྱུན་གྱི་བརྡ་སྤྲོད་ཀྱི་གཞུང་ལས། བྱེད་སྒྲའི་ཕྲད་འཇུག་སའི་ཡུལ་ནི་བྱ་བྱེད་ཐ་དད་པ་ཡིན་ཞིང་། ང་འགྲོ ང་འཛེགས་ཞེས་པ་ལྟ་བུར་བྱེད་སྒྲ་གཏན་ནས་སྦྱོར་མི་རུང་། ཡིན་ནའང་ལྷ་སའི་སྐད་ཀྱི་ཁྲོད་དུ་དེང་སང་བྱེད་པ་པོ་དང་བྱ་བའི་ཡུལ་སོ་སོར་མེད་རུང་། བྱེད་སྒྲའི་ཕྲད་སྦྱོར་བའི་ཤོད་རྒྱུན་ཤུགས་ཆེ་བར་འདུག་ལ། བྱེད་སྒྲའི་ཕྲད་ཡོད་མེད་གཉིས་ཀ་ཆོག་པར་སྣང་། དཔེར་ན་ངས་ཕྱིན་པ་ཡིན་ཞེས་པ་ལྟ་བུ། དེ་ཡང་། རྣམ་ཐར་གྱི་ནང་དུའང་འདི་འདྲའི་སྦྱོར་སྟངས་དེ་རིགས་ཡི་གེར་བཀོད་འདུག ཤོག་ངོས༤ལ། ལྷ་སའི་མཆོད་ཁང་སྟེང་དུ་ངས་འཛེགས་པས། གོང་གསལ་ལྟར་ཡུམ་ལ་རྨི་ལྟས་གང་གང་བྱུང་བ་ལབ་དུས་སུ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་འཛེགས་ལ་བྱེད་སྒྲའི་ཕྲད་སྦྱར་ནས་ངས་འཛེགས་ཞེས་དེང་རབས་བོད་སྐད་ལས་དབུས་གཙང་སྐད་ཀྱི་སྐད་དོད་ལས་བྱ་བྱེད་ཐ་མི་དད་པ་ལ་བྱེད་སྒྲའི་ཕྲད་སྦྱོར་མི་སྦྱོར་རང་དབང་ཅན་ཞིག་ཏུ་གྱུར་ཡོད་པའི་ཚུལ་དེ་དང་མཐུན་པའི་ཆ་ཞིག་མངོན་འདུག
༤ དྲག་ཅེས་པའི་འཇུག་ཚུལ།
དྲག་འདིའི་ནང་དོན་ལ་སྨོན་ལམ་ཚིག་མཛོད་དུ་མཆོག་གམ་བཟང་བ་ལེགས་པའི་དོན་ཞེས་འཁོད་འདུག་ལ། ཨ་མདོ་དཔལ་ལུང་སྐད་ལྟ་བུ་ལ་དམིགས་བསལ་དུ་དྲག་ཅེས་པའི་སྒྲ་འདི་སྤྱོད་པའི་སྲོལ་ཡོད་རུང་། སྤྱིའི་ཆ་ནས་ཅི་ཞིག་བྱས་ན་དྲག་པ་ལ་སོགས་པའི་བཤད་སྟངས་ནི་ལྷ་སའི་ཁ་སྐད་དུ་རྒྱུན་འབྱམས་སུ་ཡོད་ཅིང་། ཅི་ཞིག་བྱས་ན་ལེགས་པའམ་ཅུང་བཟང་བའི་དོན་དུ་འཇུག ཤོག་ངོས༡༡ལ། མི་ཡོང་བའི་ཆོས་ལས་ཡོང་བའི་ནོར་རྫས་ཀྱི་ཉ་ར་བྱས་པ་དྲག རྣམ་ཐར་དུ་ལོ་རས་པ་ཆུང་བའི་དུས་སུ་ཆོས་ལ་འགྲོ་འདོད་ནས་བྲོས་པ་ལས་ཕ་མ་ལ་ཞུ་བ་ལེགས་དགོངས་ཏེ་སྙན་དུ་གསོལ་བ་ལ། གཉེན་མི་ཚོས་མི་ཐུབ་པའི་ཆོས་ལས་ཐུབ་པའི་རྒྱུ་རྫས་གཉེར་ན་བཟང་ཞེས་བཤད་ནས་ལོ་རས་པ་ཆོས་ལ་འགྲོ་བར་མ་འཐད་པ་དེའོ། །
༥ ར་སྤྲོད་སྟངས་ཀྱི་མ་ལག་རྒྱ་ཆེ་བ།
དེང་རབས་ལྷ་སའི་སྐད་ཀྱི་ར་སྤྲོད་སྟངས་ལ་དབྱེ་བ་དགར་སྟངས་མི་འདྲ་བ་མང་དུ་མཆིས་ཤིང་། དཔེར་ན་དབྱེ་སྟངས་མི་འདྲ་བའི་གྲས་ནས་རིགས་དགུ་རུ་དགར་ཚུལ་གཤམ་གསལ།
༡ གི་ཡིན། གི་རེད། གཉིས་ནི་མངོན་སུམ་དང་རྗེས་དཔག་གི将行体
༢ གྲབས་ཡོད། གྲབས་འདུག གྲབས་ཡོད་རེད། གསུམ་ནི་སྔོན་ལ་ཆ་བཞག་པའི即行体
༣ རྒྱུ་ཡིན། རྒྱུ་རེད། གཉིས་ནི་རང་གིས་ཐག་བཅད་པའམ་གཞན་ལ་ཚོད་དཔག་པའི待行体
༤ གི་ཡོད། གི་འདུག གི་ཡོད་རེད། གསུམ་ནི་རང་ངམ་རང་དང་ཐག་ཉེ་ས། ཡང་ན་གཞན་དག་ལ་འཇུག་པའི持续体
༥ གྲབས་ཡིན། གྲབས་རེད། གཉིས་ནི་རང་གཞན་གྱི方行体
༦ པ་ཡིན། པ་རེད། གཉིས་ནི་མངོན་སུམ་དང་རྗེས་དཔག་གི实现体
༧ སོང་། བྱུང་། གཉིས་ནི་རང་གཞན་དང་བྱེད་འབྲེལ་བྱེད་མེད་དང་འབྲེལ་བའི已行体
༨ ཡོད/མེད། ཤག/མི་འདུག ཡོད་རེད/ཡོད་མ་རེད། སོགས་ནི་མངོན་སུམ་དང་རྗེས་དཔག བྱེད་འབྲེལ་བྱེད་མེད་བསྣོལ་ཡོད་པའི结果体
༩ པ་ཡོད། པ་འདུག གཉིས་ནི་མ་འོངས་དོན་སྔོན་དུ་དཔག་པའི་རང་གཞན་གྱི与境体 ད་དུང་དེབ་ནང་དུ་རྒྱུ། གྲབས། ལ་སོགས་པའི་ཚིག་མཐའ་ཡོད་རུང་ཐད་ཀར་གོང་གི་དབྱེ་བ་རིགས་དགུའི་ཁོངས་སུ་མི་གཏོགས་ལ། དེ་དག་ཤོག་ངོས༡༧དང༨ལ་འབྱོན་རྒྱུ་བྱུང་། གྲབས་བྱས་འདུག་ཅེས་པ་ལྟར་དུ། ར་སྤྲོད་པའི་དོན་སྟོན་བྱེད་ཀྱི་ཚིག་མཐའ་གཉིས་བསྣོལ་མར་བྲིས་ནས་ཡོད་ཅིང་། དུས་དེ་ནས་ར་སྤྲོད་ཀྱི་མ་ལག་རྙོག་འཛིང་ཅན་དང་སྤྱོད་སྒོ་ཅན་དུ་འཕེལ་ཞིང་། གཞན་མང་ཆེ་བ་ལུགས་དང་མཐུན་པ་ནི་གཤམ་གསལ་ལྟར་རོ། །ཤོག་ངོས༡༤ལ། གཅོག་པ་ཡོད། ཤོག་ངོས༧ལ། ཡོང་བ་འདུག ཤོག་ངོས༧ལ། ཡོང་བར་འདུག ཤོག་ངོས༡༡ལ། འགྱེལ་ལ་ཁད་བྱས་བྱུང་། རྣམ་ཐར་དུ་བཀོད་པའི་གྲས་འདི་རེ་རེ་བཞིན་དུ་སྔ་མ་གསུམ་ནི་རིགས་དགུ་པ་སྟེ与境体ཡི་ཁོངས་སུ་ཚུད་ཅིང་། ཕྱི་མ་གཅིག་ནི་རིགས་བདུན་པ已行体ཡིན།
གོང་གསལ་ལྷ་སའི་ཁ་སྐད་རང་དང་བསྡུར་ན། རྣམ་ཐར་དུ་བཀོད་ཡོད་པའི་ར་སྤྲོད་པའི་དཔེར་བརྗོད་འདི་དག་ཅུང་སྔ་བར་ཡོད་ཅིང་། རེ་འགའ་ལ་དོན་གྱི་ཕྲད་ར་སྦྱར་ཡོད་ལ་རེ་འགར་སྦྱར་མེད། དཔེར་ན་ཡོང་བ་འདུག་དང་། ཡོང་བར་འདུག་ལྟ་བུ། དེ་ནི་རྣམ་ཐར་ཁྲོད་ཀྱི་ཚིག་མཐའ་དག་ཕྲད་སྦྱོར་དང་མི་སྦྱོར་བའི་བརྒལ་མཚམས་དང་ལ་དོན་གྱི་ཕྲད་ཀྱི་ནུས་པ་ཟུར་ཆག་པའི་བརྒྱུད་རིམ་དུ་ཡོད་པར་སེམས།
གོང་གསལ་ལས་གཞན་ད་དུང་ལྷ་སའི་སྐད་དུ་རྒྱུན་འབྱམས་སུ་སོང་བའི་ཐ་སྙད་ཁག་ཅིག་མཆིས་ལ། དེ་དག་ནི། ཤོག་ངོས༣༢ ༥༤ ༥༩ ༦༩ ༧༦ ༩༠ལ། བདག་མཆིས་ཀྱི་རྣལ་འབྱོར་ལོ་རས་ལ/ང/ངས། ད་ལྟ་གཙང་གི་ཁ་སྐད་དུ་བདག་ལ་བདག་ཅིའམ་བདག་ཅིག་ཟེར་བ་དེ་ཡིན་ནམ། གསལ་ཆ་མེད་པར་འདུག ཤོག་ངོས༦༨ ༧༠ལ། ངེད་རྒན་གོག་གཉིས། ཤོག་ངོས༨༧ལ། ལོ་བརྒྱ་ལོན་པའི་རྒན་གོག་འདྲ།
རྒན་གོག་ནི་ལྷ་སའི་ཁ་སྐད་ཀྱི་རྒས་འཁོགས་ཀྱི་དོན་ཡིན་ཞིང་། ངག་གི་སྒྲ་འདོན་སྟངས་དང་མཐུན་པོ་འདུག
གོང་གསལ་གྱི་ཕྲད་དང་ཚིག་མཐའ། ཐ་སྙད་དེ་དག་ནི་ངག་ཐོག་དང་ཡིག་ཐོག་གི་བཤད་སྲོལ་གཉིས་ཀ་ཟུང་དུ་སྦྲེལ་ནས་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་ཅིང་། ཡུལ་སྐད་དང་ཡུལ་སྐད་ཀྱི་མཐའ་ལས་འདས་པ་འདི་ནི་ལོ་རས་པའི་རྣམ་ཐར་གྱི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡིན་པར་འདུག་གོ །
(ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་སློབ་གླིང་གི་ལོ་རིམ་གསུམ་པའི་སློབ་མ་དཀར་རྒྱན།)