འདི་ནི་2025ལོའི་ཞིང་ལས་རྒྱུ་ཆ་རྫུན་ཞན་ལ་རྡུང་རྡེག་དང་བློ་བདེའི་ཞིང་ལས་རྒྱུ་ཆ་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་གཙོ་གཉེར་བྱས་པའི་2025ལོའི་ཞིང་ལས་རྒྱུ་ཆ་རྫུན་ཞན་ལ་རྡུང་རྡེག་དང་བློ་བདེའི་ཞིང་ལས་རྒྱུ་ཆ་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་ཚོར་སྤེལ་འགོ་ཚུགས་པ་རེད། བྱེད་སྒོ་དེར“འབྱུང་ཁུངས་བཅོས་སྒྲིག་དང་། ཚན་རྩལ་ནུས་སྦྱིན། སྤྱི་ཚོགས་མཉམ་བཅོས”བཅས་ཟུང་དུ་འབྲེལ་བའི་ཕྱོགས་གསུམ་གཞི་གཅིག་གི་རྣམ་པའི་ཐོག་ནས། ས་མཐོའི་ཁྱད་ལྡན་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད་ལ། རང་ལྗོངས་ཀྱི་2025ལོའི་ཞིང་ལས་རྒྱུ་ཆ་རྫུན་ཞན་ལ་རྡུང་རྡེག་གི་ཆེད་དོན་བྱ་སྤྱོད་ཕྱོགས་ཡོངས་ནས་འགོ་ཚུགས་པ་མཚོན་ཡོད་པ་རེད།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱི་ཁྲིམས་སྒྱུར་མི་སྣ་ཧུའུ་ཧྲི་ལུང་གིས་གསར་འགོད་པར“འདི་ལོ་ནས་བཟུང་ང་ཚོས་ཞིང་ལས་རྒྱུ་ཆ་རྫུན་ཞན་ལ་རྡུང་རྡེག་གཏོང་བའི་ཁྲིམས་སྒྱུར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ས་བོན་དང་། ཞིང་སྨན། རྫས་ལུད་སོགས་འགག་རྩའི་ཞིང་ཆས་ཐོན་རྫས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་ཞིང་ལས་རྒྱུ་ཆའི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ་དཔྱིད་རྨོད་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་སྣེ་ཁྲིད་དང་། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ། ཁ་རུབ་ཆུས་མཐའ་འཁོར་གྱི་གསོ་ཚགས་ལས་རིགས་དང་། འབྲི་གཡག་སྡོམ་གསོ་རྟེན་གཞི། ཞིང་སྨན་དང་ཕྱུགས་སྨན་ཚོང་ཁང་བཅས་ལ་ཞིབ་བཤེར་བྱས་པ་རེད། དེས་མ་ཟད་གསོ་ཚགས་ར་བའི་ཕྱུགས་སྨན་བེད་སྤྱོད་ཟིན་ཐོ་དང་རིམས་འགོག་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་དང་། དེ་བཞིན་ཕྱུགས་སྨན་ཚོང་ཁང་གི་གཉེར་སྐྱོང་འོས་ཐོབ་དང་། ཐོན་རྫས་ནང་འདྲེན་ཐབས་ལམ། ཕྱུགས་སྨན་གྱི་ཤོག་བྱང་མཚོན་རྟགས་སོགས་ཀྱི་ནང་དོན་ལ་གཙོ་གནད་ཐོག་ཞིབ་བཤེར་ཡང་བྱས་པ་རེད།
བདེ་དབང་གིས་བསྒྱུར།